ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བདུན་པའི་མཚོ་ལྷོ་ཁུལ་གྱི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་དཔལ་འབྱོར་མཉམ་ལས་ལས་གཞིར་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།
ཟླ7པའི་ཚེས16ཉིན།ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བདུན་པའི་མཚོ་ལྷོ་ཁུལ་གྱི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་དཔལ་འབྱོར་མཉམ་ལས་ལས་གཞིར་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཤིས་ཚིག་ཕུལ། ཅང་སུའུ་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཐིང་། ཚོང་དོན་ཐིང་དང་དེ་མིན་རང་ཞིང་གི་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན། ཅང་སུའུ་ཞིང་ཆེན་གྱི་ཚོང་ལས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་དང་ཅང་སུའུ་ཡི་ཁེ་ལས20ཡི་འཐུས་མི་བཅས་གདན་ཞུ་ལྟར་ཚོགས་འདུར་ཞུགས།

བྱ་འགུལ་གྱིས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་དུ་བཟུང་སྟེ། དཔལ་འབྱོར་མཉམ་ལས་ཀྱི་གཙོ་གནད་ལས་གཞི་དྲུག་ལ་ཡུལ་དངོས་སུ་གཅིག་བསྡུས་སྒོས་གན་རྒྱ་བཞག་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར30.49ལ་སླེབས། དུས་མཉམ་དུ་གནས་མཆོག་མཚོ་ལྷོ་བརྗོད་དོན་ཡིན་པའི་ཆེད་དོན་འོས་སྦྱོར་ཚོགས་འདུ་བསྡུས་ཏེ། ཁུལ་ཡོངས་ཀྱི་རྫོང་ཁག་ལྔའི་རང་ས་གནས་ཀྱི་ཁྱད་ལྡན་འཕེལ་རྒྱས་དང་ཐོན་ལས་ཀྱི་དགེ་མཚན་མངོན་ཏེ། ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་བརྒྱུད་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྩལ།

མཚོ་ལྷོ་ཁུལ་གྱི་ཐེངས་འདིའི་ཚོང་འགུག་གི་གྲུབ་འབྲས་བཟང་ཞིང་ལྗང་མདོག་ཐོན་ལས་གཙོར་འཛིན་པའི་ཁ་ཕྱོགས་དམ་པོར་བཟུང་སྟེ། ནུས་ཁུངས་གསར་པ་དང་ལྗང་མདོག་རྩིས་ཤུགས་དཔེ་སྟོན་ལས་གཞི་གཉིས་ལ་གན་རྒྱ་བཞག་པ་དང་། དངུལ་གཏོང་ཚད་སྒོར་དུང་ཕྱུར10.29ལ་སླེབས། ཕྱོགས་གཅིག་ནས་ཆུ་དང་འོད། རླུང་དང་ཚ་ནུས་ཕན་ཚུན་གསབ་རེས་བྱེད་པའི་གསོག་ནུས་ཆེན་མོའི་ནུས་ཁུངས་ཀྱི་མཐོ་སའི་ཤོང་ཚད་རྒྱ་སྐྱེད་དང་ནུས་པ་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་སའི་འདེགས་སྐྱོར་གཙོ་བོ་སྔར་བས་བརྟན་པོར་བཏང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལྗང་གློག་རྩིས་ཤུགས་ཀྱི་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཐཱན་མེད་རྩིས་ཤུགས་ཐོན་ལས་ཀྱི་སྐྱེ་ཁམས་བསྐྲུན་པ། ལས་གཞི་གནད་ལ་འཁེལ་བའི་སྒོ་ནས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་ཕྱོགས་དང་འཚམ་པར་བྱས་ཏེ། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྒྲིག་བཀོད་ཁྲོད་ཀྱི་ཐེག་ནུས་དང་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། རྫོང་ཁོངས་རིམ་པས་རང་ངོས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ནུས་ཤུགས་བཏོན་པ་དང་། གུང་ཧོ་རྫོང་གིས་བཟོ་སྐྲུན་ལས་རིགས་ཀྱི་ལས་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོན་ལས་ཀྱི་སྦྲེལ་ཐག་རང་ས་གནས་ཅན་དུ་འགྱུར་བའི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བར་རོགས་འདེགས་བྱས་པ་དང་། ཀོས་ནན་རྫོང་གིས་ནུས་ཁུངས་གསར་པའི་འགྲན་ལམ་ལ་དམིགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་ཚད་ལ་རྒྱུན་མཐུད་ངང་ཤུགས་བསྣན། ཞིན་ཧེ་རྫོང་གིས་མཁར་གྲོང་གི་ལས་གཞིའི་སྒྲིག་བཀོད་ཆ་ཚང་བར་བཀོད་སྒྲིག་བྱས་ཏེ་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ལ་བརྟེན་ནས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཐེག་ནུས་དང་དམངས་འཚོའི་སྤུས་ཚད་མཐོ་རུ་བཏང་བ་དང་། ཐུན་ཏེ་རྫོང་གིས་སྐྱེ་ཁམས་ཞིང་ཕྱུགས་ལས་གསར་སྤེལ་གཏིང་ཟབ་བྱ་རྒྱུར་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ས་ཁོངས་རང་བཞིན་གྱི་མིང་བྱང་གི་ཤུགས་རྐྱེན་མུ་མཐུད་དུ་ཇེ་ཆེར་བཏང་།

ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་ཀྱི་སྟེགས་བུ་དེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་བརྟེན་ནས། ཅང་སུའུ་དང་མཚོ་སྔོན་གྱི་ཤར་ནུབ་རྒྱུད་རོགས་ལས་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རོགས་སྐྱོར་ཆེན་པོ་གཉིས་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་བཏོད་དེ། ལས་གཞིའི་དུས་འཁོར་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་ནས་ཁྲོམ་རའི་གཙོ་གཞི་མང་པོས་མཚོ་ལྷོར་དོ་ཁུར་བྱེད་པ་དང་མཚོ་ལྷོ་རུ་གཞི་ཆགས་པར་སྐུལ་སློང་བྱས།

ཐེངས་འདིའི་གན་རྒྱ་བཞག་པའི་ལས་གཞི་ལས་ལྗང་མདོག་ཐོན་ལས་ཀྱི་སྒྲིག་བཀོད་དང་གཞི་རིམ་གྱི་དམངས་འཚོའི་དགོས་མཁོར་དམ་པོར་དམིགས་ཡོད་པ་དང་། ལས་རྣམ་ཕུན་སུམ་ཚོགས་པ་དང་སྐུལ་ཁྲིད་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཡིན་པས། ལས་རིགས་ཁག་གིས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ཚོང་གཉེར་ཁོར་ཡུག་ལ་ཡིད་ཆེས་བཟང་པོ་བཅངས་ཡོད་པ་མཚོན་ཡོད། མཚོ་ལྷོ་ཁུལ་གྱིས་གན་རྒྱ་བཞག་པའི་ལས་གཞི་ལ་ཆེད་མངགས་ལས་དོན་ཚན་ཆུང་གིས་རྗེས་འདེད་དང་གདུབ་ཟུམ་རྣམ་པའི་ཞབས་ཞུ་ལག་བསྟར་བྱས་ཏེ། རྒྱུན་མཐུད་ངང་དུས་འཁོར་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས། ལས་གཞི་མཉམ་ལས་ཀྱི་འདུན་པ་ཡོད་པའི་ལས་གཞི་སྔ་མོ་ནས་དོན་འཁྱོལ་དང་གན་རྒྱ་བཞག་པའི་ལས་གཞི་སྔོ་མོ་ནས་ལས་མགོ་རྩོམ་པ། སྐྲུན་བཞིན་པའི་ལས་གཞིར་སྔ་མོ་ནས་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཚོང་འགུག་གྲུབ་འབྲས་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་རྒྱུ་རེད།

ཉིན་དེར་མཚོ་ལྷོ་ཁུལ་གྱི་ཚོང་འདུས་སྟེགས་བུའི་བྱ་རིམ་ཆུང་བ་ཁྱབ་བསྒྲགས་བྱས་པ་དེས་ཁུལ་ཡོངས་ཀྱིས་གྲངས་འཛིན་ཅན་གྱི་ཚོང་འགུག་ཞབས་ཞུའི་མ་དཔེ་གསར་པ་སྤྱོད་མགོ་བརྩམས་པ་དངོས་སུ་མཚོན་པ་དང་། དེ་ནི་མཚོ་ལྷོ་ཁུལ་གྱི་རྒྱུན་རྣམ་ཅན་གྱི་གནད་འཁེལ་ཚོང་འགུག་དང་ཁེ་ལས་ལ་ཡུན་ཕན་ཞབས་ཞུ་སྒྲུབ་པའི་གྲངས་འཛིན་ཅན་གྱི་ཚོང་འགུག་གི་མགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ཡོད།
ཁུལ་གྱི་མགོ་ཁྲིད་ཀྲང་ཅུན་ལུའུ་དང་། ཏེང་ཧྲེང་ཕེང་། ཧྥུན་རུན་ཡོན། ཅང་ཏུང་མའེ་བཅས་མཛད་སྒོར་ཞུགས།