དམ་ཆེན་རྡོ་རྗེ་ཡི་རང་སྟོབས་རང་སྤེལ་གྱི་གཏམ་རྒྱུད།
ཐུན་ཏེ་རྫོང་ནས་ཡིན་པའི་དམ་ཆེན་རྡོ་རྗེ་ནི་ཆུང་དུས་ནས་ཐོས་ཚོར་ཉམས་པ་དང་ཡན་ལག་ལ་སྐྱོན་ཤོར་ཡོད་ནའང་། ཁོས་སེམས་ཤུགས་མ་ཉམས་པར་བསྐྱར་པར་ཁང་ཆུང་ཆུང་ཞིག་ལོ་ངོ་བཅུ་བཞིའི་རིང་ལ་གཉེར་སྐྱོང་བྱས་ཤིང་། ཡིད་རྟོན་གྱིས་ལས་གཏོད་བྱེད་པ་དང་བརྩོན་སེམས་ཆེན་པོས་ཁྱིམ་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རང་གི་ལག་ཟུང་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བཏང་སྟེ། དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱིས་རང་སྟོབས་རང་སྤེལ་བྱེད་པའི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཡོད།
ད་ལོ་རང་ལོ38ལ་སོན་པའི་དམ་ཆེན་རྡོ་རྗེ་ནི་ཐུན་ཏེ་རྫོང་ཐང་མགོ་གྲོང་བརྡལ་ཧ་ཞ་སྡེ་བའི་སྡེ་མི་ཡིན་ལ། ལོ་ངོ་བཅུ་བཞིའི་སྔོན་ལ། ཁོས་རང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས། རྫོང་མཁར་གྱི་ཁུལ་གསར་དུ་དམངས་ཕན་བསྐྱར་དཔར་ཁང་ཞིག་གཉེར། ཁོས་ངལ་རྩོལ་ལྕི་མོ་བྱེད་མི་ཐུབ་ཀྱང་། བརྩོན་པའི་སྙིང་སྟོབས་ཉམས་མ་མྱོང་། ད་ལྟ་བསྐྱར་དཔར་ཁང་ཆུང་ཆུང་འདི་ལ་བརྟེན་ནས་ཁྱིམ་མི་བདུན་གྱི་འཚོ་བ་རོལ་བཞིན་ཡོད།
བསྐྱར་དཔར་ཁང་ཆུང་ཆུང་ཞིག་རྫོང་མཁར་དུ་ལོ་ངོ་བཅུ་བཞིའི་རིང་ལ་གཉེར་ཐུབ་པ་ནི། གཞན་གང་ལའང་བརྟེན་པ་མིན་པར་ལས་ལ་བརྩོན་ཞིང་གཞུང་དྲང་ཡིན་པ་དེར་རག་ལས་ཡོད། ཁོས་རྒྱུན་དུ་དུས་ལྟར་བསྐྱར་དཔར་ཁང་གི་སྒོ་ཕྱེ་བ་དང་རིན་གོང་དྲང་བདེན་ཡིན་པར་མ་ཟད། ད་དུང་རྒྱུན་དུ་རྒན་པ་དང་སློབ་མར་རིན་གོང་གཅོག་པའམ་རིན་མི་ལེན་པ་སོགས་ཞབས་ཞུ་ལེགས་པོ་བསྒྲུབས་པས་ཁོ་ལ་གཏན་འཇགས་ཀྱི་ཚོང་མགྲོན་མང་པོ་ཞིག་ཡོད་པ་རེད།
ཁྱིམ་མཚེས་ཚོང་པ་ལི་ཡུང་ཧུང་གིས་བཤད་རྒྱུར། ང་དམ་ཆེན་རྡོ་རྗེའི་ཁྱིམ་མཚེས་ཡིན། ཁོ་ངོ་ཤེས་ནས་ལོ་ངོ་བདུན་འགོར་སོང་། ངས་རྒྱུན་དུ་ཁོའི་བསྐྱར་དཔར་ཁང་ནས་ཡིག་ཆ་པར་འདེབས་བྱེད་བཞིན་ཡོད། ཁོས་ལས་ཀ་ལས་ན་ཧ་ཅང་ནན་ཏན་ཡིན་པ་མ་ཟད། རྒྱུན་དུ་ང་ཚོར་རོགས་རམ་ཡང་བྱེད་བཞིན་ཡོད། ཁོའི་རྐང་པ་སྟབས་བདེ་མིན་རུང་འཚོ་བར་འཁང་ར་བྱེད་པ་ཞིག་གོ་མ་མྱོང་ལ། འཚོ་བའང་མི་གཞན་ལས་བབ་ཆགས་ཤིང་གཏན་འཇགས་ཤིག་རོལ་བཞིན་ཡོད། བསྐྱར་དཔར་ཁང་དུ་ཁོ་ནི་བྱ་བ་ནན་ཏན་གྱིས་འགན་ཁུར་བའི་སྦྱིན་བདག་ཡིན་ལ། རང་ཁྱིམ་དུ་ཁོ་ནི་ཁྱིམ་མི་གང་བོའི་རྟེན་ས་ཁོ་ན་ཡིན། ལོ་ངོ་བཅུ་བཞིའི་རིང་ལ། དམ་ཆེན་རྡོ་རྗེས་རྒན་པར་བདག་སྐྱོང་དང་བྱིས་པ་བཞི་པོར་གསོ་སྐྱོང་བྱེད་ཞོར་དུ་བསྐྱར་དཔར་ཁང་གཉེར་བས། དུས་རྒྱུན་དུ་རྐང་པ་དང་སྐེད་པ་ནའང་། འོན་ཀྱང་ཁོའི་ཉིན་གཅིག་ལའང་ལས་གཉེར་བྱེད་མཚམས་བཞག་མ་མྱོང་།
དམ་ཆེན་རྡོ་རྗེའི་ཆུང་མ། ལྕགས་མོ་མཚམས་ཀྱིས་བཤད་རྒྱུར།ལོ་ངོ་བཅུ་བཞིའི་རིང་ལ་ཁོས་ཉིན་གཅིག་ལའང་ངལ་གསོ་བྱས་མ་མྱོང་། བྱིས་པ་བཞི་པོ་དང་རྒན་པ་ཚང་མ་ཁོ་གཅིག་པུས་བདག་སྐྱོང་བྱེད་བཞིན་པས། ཁོའི་སྙིང་རུས་ལྷོད་མེད་ཀྱི་སྤོབས་པས་ང་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་ཟེར། ལོ་ངོ་བཅུ་བཞིའི་བརྟན་སྲུང་ལས་དམ་ཆེན་རྡོ་རྗེས་བསྐྱར་དཔར་ཁང་དེ་རང་ཉིད་ཀྱི་ཡོད་ཚད་དུ་བརྩིས་ནས། བབ་ཆགས་པའི་བོད་རིགས་སྐྱེས་པ་ཞིག་གིས་འཚོ་བར་བཅངས་པའི་བརྩེ་བ་བརྗོད་བཞིན་ཡོད།
དམ་ཆེན་རྡོ་རྗེས་བཤད་རྒྱུར། ངའི་རྐང་ལག་ནད་པ་ཡིན་པས་ལས་ཀ་ལྕི་མོ་ལས་མི་ཐུབ་མོད། འོན་ཀྱང་ངས་ཐབས་ཆག་གི་འཚོ་བོ་རོལ་མི་འདོད། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ང་ལ་གོ་སྐབས་འདི་འདྲ་ཞིག་སྤྲད་ན། ངས་ངེས་པར་དུ་ནན་ནན་ཏིག་ཏིག་གིས་ལས་ཀ་སྒྲུབ་དགོས་ཟེར།
ལོ་ངོ་བཅུ་བཞིའི་རིང་ལ་དམ་ཆེན་རྡོ་རྗེས་རང་ཉིད་ཀྱི་དབང་སྐྱོན་གྱི་ལུས་པོར་བརྟེན་ནས་འཚོ་བའི་ཁུར་པོ་ལྕི་མོ་ཕྲག་ཏུ་ཁུར་ཏེ། ཡིད་རྟོན་གྱི་བདག་གཉེར་ལ་མཐའ་འཁོར་མང་ཚོགས་ཀྱིས་ཡིད་ཆེས་ཐོབ་པ་དང་། ཁ་ཁུ་སིམ་མེར་ངང་ཁྱིམ་གྱི་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། ལས་ཀ་འཚོལ་བར་བར་ཆད་བྱུང་བ་ནས་རང་གིས་ལས་གཏོད་བྱེད་པའི་བར། ཁོས་བྱ་སྤྱོད་དངོས་ལ་བརྟེན་ནས་ལུས་པོར་སྐྱོན་ཡོད་རུང་འབད་འཐབ་ལ་བཀག་རྒྱ་མེད་པར་ར་སྤྲོད་བྱས་ཤིང་། བསྐྱར་དཔར་ཁང་ཆུང་ཆུང་དེར་བརྟེན་ནས་ཁོའི་རང་སྟོབས་རང་སྤེལ་གྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་ཡོད།