ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ། བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་ཡོན་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། མཚོ་ལྷོའི་དགེ་མཚན་གཞིར་བཟུང་ནས། མཐོ་གྲས་སྒྲིག་ཆས་བཟོ་སྐྲུན་དང་ནུས་གསོག་རྣམ་པ་གསར་པ། རྩིས་ཤུགས་བཀོལ་སྤྱོད་སོགས་ཚན་རྩལ་རང་བཞིན་ལྡན་པའི་ཐོན་ལས་མཚོ་ལྷོར་གཞི་ཆགས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་རྒྱ་སྐྱེད་དུ་བཏང་ནས། ཐོན་ལས་རྐྱང་པ་ནས་སྣ་མང་མཉམ་འདྲེས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རྩལ་སྡེ་ཁག་བར་གྱི་འབྲེལ་གཏུག་དང་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ་དང་། ཡོན་ཧྲི་ཆེད་མཁས་པའི་ཐོན་ཁུངས་སྔར་ལས་མང་པོ་གཅིག་བསྡུས་བྱས་ནས། རྩེ་རིམ་ཤེས་ལྡན་མི་སྣའི་རིག་མཛོད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ལེགས་པོར་བསྐྲུན་ནས། མཚོ་ལྷོའི་བྱ་བ་སོ་སོའི་མགོ་འཛུགས་ས་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བ་ཞིག་བཙལ་ནས། སྲིད་ཇུས་དང་མ་དངུལ། ལས་གཞི་བཅས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱ་དགོས། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ནུས་པ་འདོན་སྤེལ་བྱས་ནས། ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ས་གནས་རང་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ། མང་ཚོགས་སྔར་ལས་མང་པོས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་གནོད་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཀྱི་རྣམ་པ་ཆེན་པོ་བཏོད་པ་བཅས་བྱས་ཏེ། བདེ་འཇགས་དོ་དམ་དེ་གཞི་རིམ་དུ་འདྲེས་པར་བྱེད་པ་དང་། མང་ཚོགས་བདེ་འཇགས་ཀྱི་བྱ་བ་སོ་སོའི་ཁྲོད་ཞུགས་པར་སྐུལ་སློང་གང་ལེགས་བྱས་ནས། སྐྱེ་ཁམས་དང་འདུ་ཤེས་འཛིན་སྟངས། འབྲུབ་འགོག་གནོད་འཚེ་སྔོན་འགོག མེ་ཟོན་དང་གཞུང་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཁག་གི་བདེ་འཇགས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བྱས་ནས། མི་དམངས་ཀྱི་བདེ་འཇགས་འགོག་སྲུང་བརྟན་པོར་གཏོང་བ་བཅས་བྱ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གཞི་རིམ་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ། དམངས་སེམས་དྲོ་བར་བྱེད་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱ་བ་དངོས་ཡག་པོ་སྒྲུབ་པ། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ་བཅས་བྱ་དགོས། བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་བྱ་བ་དོན་འཁྱོལ་བྱ་མི་ཐུབ་པ་དག་རྦད་དེ་ཐག་གཅོད་བྱས་ནས། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་ལྷོ་ཁུལ་ཞིང་ཆེན་རིམ་པའི་བྱ་དགའི་འཛིན་ཤོག་ཚོད་ལྟའི་ས་ཁུལ་དུ་བདམས་ནས་ཁུལ་ཡོངས་ཀྱི་འཛད་སྤྱོད་བྱ་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་ཁང་དང་མཛེས་ལྗོངས་ཁུལ། སྨྱན་སྦྱོར་ལས་སྟེགས་བཅས་མཉམ་འགུལ་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་གསལ་འགྲེལ་ཡག་པོ་བྱེད་པ། མང་ཚོགས་ཀྱི་ཤེས་རྟོགས་ཚད་དང་དྲིལ་བསྒྲགས་ཁེབས་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱ་དགོས། ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོད་ལྟའི་ཁུལ་གྱི་ཞབས་ཞུའི་བྱ་བའི་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་པ། གཉེར་སྐྱོང་བྱེད་པོའི་འཛིན་ཤོག་སྤྲོད་པའི་སྒྲིག་ལམ་རྒྱུན་མི་ཆད་པར་ཚད་ལྡན་དུ་གཏོང་བ། སྲིད་ཇུས་ཀྱི་ཕན་ཁེ་དེ་འཛད་སྤྱོད་སྒུལ་ཤུགས་སུ་འགྱུར་བ་བཅས་བྱས་ནས། ཁུལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཆབ་སྲིད་སྐོར་ཞིབ་འགན་ནུས་ཀྱི་ངེས་གནས་བརྟན་སྲུང་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་ལྟ་སྐུལ་གྱི་གཙོ་གནད་ལ་གནད་འཁེལ་ཞིབ་བཤེར། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྐོར་ཞིབ་བྱ་བ་དེ་སྤུས་ཚད་མཐོར་གཏོང་གི་ཕྱོགས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། སྐོར་ཞིབ་དང་ལྡོག་འདྲེན་གནད་དོན་དག་ཐེར་ཡོ་བསྲང་ལ་དོ་སྣང་དང་། ལམ་ལུགས་དང་ལམ་སྲོལ་སྣ་ཚོགས་སྟོབས་ཆེར་དང་བེད་སྤྱོད་ལེགས་པོ་བྱེད་པ། རྣམ་འགྱུར་ལེགས་པ་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ། བྱ་བའི་གཙོ་གནད་དེ་དག་ཐེར་ནས་རང་འགུལ་ངང་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་ཐོག་ཏུ་ཁུལ་གྱི་མགོ་ཁྲིད་པ་ལིའུ་ཡན་དང་། སུན་ཅུན་ཞ། ཏེང་ཧྲེང་ཕེང་། ཀང་ཧྥུའུ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཐོས་བསམ་མྱོང་རྟོགས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ།།