ལྕགས་རྟ་འགྲན་བསྡུར་ལས་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་དོན་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་བསྩལ།
ཟླ7པའི་ཚེས10ཉིན་ཀུན་གྱིས་རེ་སྒུག་ཆེན་པོ་བྱེད་པའི2026ལོའི་སྐབས་ཉེར་ལྔ་བའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྤེལ་མགོ་བརྩམས་ཤིང་། འགྲན་རིམ་གལ་ཆེན་གྱི་ཁོངས་གཏོགས་ས་ཆ་ཞིག་ཡིན་པའི་ཆ་ནས་རབ་མཛེས་མཚོ་སྔོན་བསྐོར་བའི་ལྕགས་རྟ་འགྲན་བསྡུར་དེ་སྔ་མོ་ནས་མཚོ་ལྷོ་ཁུལ་གྱིས་འཛམ་གླིང་ལ་ཕྱོགས་པ་དང་མཐོ་སྒང་གི་མཛེས་ལྗོངས་ཀུན་གྱི་སྤྱན་སྔར་འགྲེམ་པའི་གསེར་གྱི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲན་བསྡུར་ལ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ12ནས་ཡོང་བའི་ལྕགས་རྟའི་རུ་ཁག22དང་ལུས་རྩལ་པ154ཞུགས་ཡོད་པ་དང་། དེའི་ནང་འཛམ་གླིང་གི་ལྕགས་རྟའི་རུ་ཁག1དང་ལས་རིགས་ལྕགས་རྟའི་རུ་ཁག8། གླིང་རིམ་པའི་ལྕགས་རྟའི་རུ་ཁག13བཅས་ཡོད་ལ། འགྲན་དོན་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ1627དང་འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ1355། ས་གནས་བརྗེ་བའི་ལམ་ཐག་ལ་སྤྱི་ལེ255དང་། གཟི་བརྗིད་མངོན་པའི་ལམ་ཐག་ལ་སྤྱི་ལེ17ཡོད། འགྲན་བསྡུར་དེ་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མཚོ་བྱང་བཅས་གྲོང་ཁྱེར་དང་ཁུལ4དང་རྫོང་དང་ས་ཁུལ11ལ་བརྒྱུད་ངེས་ཡིན།
ཁྲི་ཀ་རྫོང་དང་གུང་ཧོ་རྫོང་གཉིས་ཀྱིས་མཚོ་ལྷོ་ཁུལ་གྱི་འགྲན་རིམ་གཙོ་བོ་གྲུབ་ཡོད་ལ། ཀྱག་ཀྱོག་གི་ས་མཐོའི་འགྲན་རིམ་དེས་སྔོ་ལྗང་གི་རི་ཆུ་དང་ལོ་ངོ་སྟོང་གི་གནའ་གྲོང་། དེ་མིན་ཁྱད་ལྡན་དམངས་སྲོལ་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ཤིང་། འགྲན་ཞུགས་ལུས་རྩལ་པ་རྣམས་ཀྱིས་དཔའ་ངར་ཆེན་པོས་ལུས་རྩལ་འགྲན་བསྡུར་བྱས་པ་དང་ཡུལ་སྐོར་བ་རྣམས་ཀྱིས་འགྲན་བསྡུར་ལྟད་མོར་བལྟས། རྩེར་སོན་ལུས་རྩལ་འགྲན་བསྡུར་དང་སྐྱེ་ཁམས་ཐོན་ཁུངས། ས་ཁོངས་རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་མཐོ་སྒང་གི་གྲོང་ཁྱེར་ཆུང་ངུའི་ཐུན་མོང་མ་ཡིན་པའི་མཛེས་པ་མངོན་པར་བྱས།
ལོ་ངོ24རིང་ལ་འགྲན་བསྡུར་བྱས་པ་བརྒྱུད་དེ་མཚོ་ལྷོ་ཁུལ་གྱིས་རང་ས་གནས་ཀྱི་ཐོན་ཁུངས་དགེ་མཚན་དང་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཏེ་རྒྱལ་སྤྱི་ཅན་གྱི་སྤུས་རྟགས་འགྲན་བསྡུར་ལ་བརྟེན་ནས་འགྲན་བསྡུར་དང་མཉམ་དུ་ཡུལ་སྐོར་དུ་སྐྱོད་པ་ཞེས་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྒྱུན་མཐུད་ངང་བཏོད་དེ། མཚོ་སྐོར་མཛེས་ལྗོངས་ལ་ལྟ་བ་དང་དམངས་སྲོལ་ཉམས་ལེན། མཐོ་སྒང་གི་ཞིབ་འཇུག་སློབ་སྦྱོང་། གྲོང་གསེབ་ཀྱི་སྤྲོ་གསེང་སོགས་བྱེད་སྒོ་རབ་དང་རིམ་པ་ཞིབ་ཚགས་ངང་སྤེལ་ཞིང་། ལུས་རྩལ་བྱ་གཞག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་དགེ་མཚན་ལ་གསོན་ཤུགས་རྒྱས་པར་བྱས་པ་དང་རིག་གནས་ཀྱི་མཛེས་པས་འཕེལ་རྒྱས་ཀྱི་བག་ཤུགས་འདོན་དུ་འཇུག་པ། མཚོ་ལྷོ་ཁུལ་གྱི་གཏམ་རྒྱུད་རྒྱུན་མཐུད་ངང་ཡག་པོ་བཤད་པ། མཚོ་ལྷོ་ཁུལ་གྱིས་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད།