རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་བདེ་ཐང་སྐོར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས།
ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་བདེ་ཐང་སྐོར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཐད་ལ་བཀོད་སྒྲིག་བྱས། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་གཏོང་སྟངས་ཀྱིས་བདེ་ཐང་ལྟེ་བར་འཛིན་པ་དང་། ཞབས་ཞུའི་མ་ལག་གིས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ་དང་། བཅོས་བསྒྱུར་བཅོས་སྐྱོང་གིས་མ་ལག་མཐུན་སྦྱོར་ལ་སྔར་བས་མཐོང་ཆེན་བྱེད་པ། བདེ་ཐང་ཞབས་ཞུའི་དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བདེ་ཐང་ཡོང་བར་སྐུལ་འདེད་བཏང་ནས། བདེ་ཐང་ལ་ཕན་པའི་ཐོན་སྐྱེད་འཚོ་བའི་ཐབས་ལམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་སྒོས་ཆགས་པར་བྱས་ནས། རྒྱལ་དམངས་ཀྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
《འཆར་འགོད》ལས་མི་ཚོགས་ཡོངས་ཀྱི་ཕྱོགས་ཡོངས་དང་དུས་འཁོར་ཡོངས་ཀྱི་བདེ་ཐང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་བདེ་འཇགས་སྲུང་ཡོལ་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ། སྤུས་ལེགས་ནུས་ལྡན་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས5ལ་དམིགས་ནས། གཙོ་གནད་ལས་འགན24བཀོད་སྒྲིག་བྱས་ཡོད། སྤུས་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་བདེ་འཇགས། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པའི་གསར་གཏོད་གལ་ཆེན། གཞུང་གཉེར་སྨན་ཁང་བཅོས་བསྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་བཟོ་བསྐྲུན་དང་རྣམ་གྲངས་གལ་ཆེན། དེ་བཞིན“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་གི་མཛུབ་ཁྲིད་རྩ་དོན་བཏོན་ཡོད།