ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་གི་བློ་སེམས་གཅིག་མཐུན་གྱི་སྤྱི་ཕན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་ཁྲི་ཀ་རྫོང་དུ་སྤེལ།
ཉེ་ཆར། མེས་རྒྱལ་ལ་ལྟ་བ་དང་མཚོ་སྔོན་ལ་ལྟ་བ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕེལ་རྒྱས་གཏོང་བ་ཞེས་པའི་ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་གི་བློ་སེམས་གཅིག་མཐུན་གྱི་སྤྱི་ཕན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེ་ཁྲི་ཀ་རྫོང་དུ་སྤེལ་བ་དང་། ཤང་ཀང་གི་དགེ་སློབ120མཐོ་སྒང་གི་གྲོང་གསེབ་ཏུ་བསྐྱོད་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་རྨ་ཆུའི་རིག་གནས་ཀྱི་ནང་དོན། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཅས་ལ་དངོས་སུ་ཉམས་སུ་མྱངས་པ་དང་། ལག་ལེན་གྱི་མྱོང་ཚོར་དང་བློ་སེམས་གཅིག་མཐུན་གྱི་གསར་རྩོམ་ཁྲོད་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ངོས་འཛིན་དང་། མི་རིགས་ཀྱི་མཛའ་བརྩེ་བཅས་ཇེ་ཟབ་ཏུ་བཏང་།

ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་མཐུན་སྒྲིལ་སྡེ་བའི་མེ་ཏི་ཧྭ་ཐེན་ཞིང་རར་དམིགས་བསལ་གྱི་ལག་ལེན་སློབ་ཁྲིད་ཞིག་སྤེལ་བཞིན་ཡོད་དེ། ཞིབ་འཇུག་སློབ་སྦྱོང་ལ་ཞུགས་པའི་དགེ་སློབ་ཚོས་ཁྲི་ཀའི་རྨ་ཆུའི་རྡོ་རྒྱུ་ཆར་བྱས་ཏེ་ལག་གདང་སྦྲེལ་ནས་ཕྱི་རོལ་གྱི་སྤྱི་ཕན་བརྩམས་ཆོས་ཆེ་གྲས་ཏེ་བླ་ཤིང་ཞེས་པ་གསར་རྩོམ་བྱས་ཤིང་། ལག་ལེན་སློབ་ཁྲིད་འདིས་ཤང་ཀང་གི་སློབ་མར་གསར་རྩོམ་ཁྲོད་སྐྱེ་ཁམས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་མཉམ་འབྲེལ་ཁྲོད་མཐུན་སྒྲིལ་གྱི་དོན་སྙིང་ཡང་རྟོགས་སུ་བཅུག
ཤང་ཀང་རེན་ཅི་སྨན་ཁང་གི་སློབ་འབྲིང་གཉིས་པའི་འབྲིང་རིམ་བཞི་པའི་སློབ་མ་ཀྲང་ཧྥང་ཀྲོའུ་ཡིས་བཤད་རྒྱུར། ཐེངས་འདིར་ཁྲི་ཀ་རྫོང་ལ་ཡོང་བའི་ཆེས་བརྗེད་དཀའ་བ་དང་ཆེས་དོན་སྙིང་ལྡན་པའི་མྱོང་ཚོར་ནི་ཚང་མ་དང་མཉམ་དུ་བླ་ཤིང་ཞེས་པའི་བྱ་འགུལ་འདི་ལེགས་འགྲུབ་བྱུང་བ་དེ་རེད། འདི་ལས་ང་ཚོར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་སུ་བཅུག་ལ། ཚང་མ་དང་མཉམ་དུ་བྱ་འགུལ་ལེགས་འགྲུབ་བྱུང་བ་ནི་ངས་བསམ་ན་བརྗེད་དཀའ་བའི་བརྒྱུད་རིམ་ཞིག་ཡིན་པར་འདོད་ཡོད་ཟེར།

ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེ་སྡེ་སྡོད་ཧྲུའུ་ཅི་དང་པོ་ལིའུ་ཀྲི་ཆང་གིས་བརྒྱུད་རིམ་ཧྲིལ་པོར་རུ་སྣེ་ཁྲིད་དེ་འགྲེལ་བཤད་བརྒྱབ་པ་དང་། ཁོས་རང་ཉིད་ཀྱི་གཞི་རིམ་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཤང་ཀང་གི་སློབ་མ་ཚོར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་། རྨ་ཆུའི་རིག་གནས། ས་གནས་དེ་གའི་དམངས་སྲོལ་བཅས་ལ་འགྲེལ་བཤད་ཞིབ་མོ་བརྒྱབ་པ་དང་ཁྲི་ཀའི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཐག་རིང་ནས་ཡོང་བའི་ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་ལ་ཕན་པ་ཆེན་པོ་ཐོབ་པ་དང་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཤང་ཀང་མའོ་ཧྥ་དགོན་པའི་ལིའུ་ཅིན་ལུང་སློབ་འབྲིང་གི་འབྲིང་རིམ་གཉིས་པའི་སློབ་མ་ལེན་ཧུའེ་ཞིན་གྱིས་བཤད་རྒྱུར། སྔོན་ཆད་ངས་རྒྱུན་དུ་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བལྟས་པ་ཡིན། གནས་འདིའི་མཁའ་དབུགས་དྭངས་ཤིང་གཙང་ལ། ཐེངས་འདིར་རང་ཉིད་དངོས་སུ་མཚོ་སྔོན་དུ་ཡོང་ནས་ས་གནས་དེ་གའི་རིག་གནས་ལ་སློབ་སྦྱོང་དང་མཐོ་སྒང་གི་ས་བབ་ལ་རྒྱུས་ལོན་བྱ་རྒྱུ་ནི་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་པས་ངའི་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཟེར།
གཞུང་དངོས། རི་ཀླུང་མང་པོ་བརྒལ་ཏེ་ལང་ཚོའི་སྤོབས་པ་ངོམས། ཞིབ་འཇུག་སློབ་སྦྱོང་བྱེད་པའི་ལམ་བར་དུ།ས་གནས་སོ་སོའི་ལོ་ཆུང་གཞོན་ནུ་རྣམས་ཀྱིས་ཕན་ཚུན་བར་རྒྱུས་མངའ་མེད་པ་ནས་ཕན་ཚུན་ལ་རྒྱུས་ལོན་བྱས་ཏེ།མཉམ་ལས་གསར་སྤེལ་དང་བརྗེ་རེས་དཔྱད་བསྡུར་ཁྲོད་དུ་མཛའ་བརྩེ་ཇེ་ཟབ་དང་བར་ཐག་ཇེ་ཉེ་རུ་ཕྱིན་ལ། སྣེ་ཁྲིད་དགེ་རྒན་གྱི་སེམས་སུ་མཐོ་སྒང་གི་ས་གཞིར་བསྐྱོད་པའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་འདི་ནི་ཆེས་གསོན་ཉམས་ལྡན་པའི་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་ཐུན་ཐེངས་ཤིག་རེད།

ཤང་ཀང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་ཡོན་ཞོན་སློབ་གླིང་གི་སློབ་འབྲིང་གསུམ་པའི་དགེ་རྒན་ཝང་ཡུའུ་ལིང་གིས་བཤད་རྒྱུར། ང་ཚོ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི་དམིགས་ཡུལ་ནི་ཤང་ཀང་དང་ཨའོ་མོན་ས་ཁུལ་དང་ནང་ལོག་ས་ཁུལ་བར་གྱི་སློབ་མའི་བརྗེ་རེས་མཐུན་སྒྲིལ་ལ་སྐུལ་འདེད་བྱ་ཆེད་ཡིན་པ་དང་། སློབ་གྲོགས་ཚོ་མཚོ་སྔོན་དུ་བསྐྱོད་དེ་ས་གནས་ཀྱི་འཚོ་བའི་ཁོར་ཡུག་རྒྱུས་ལོན་བྱས་པ་དང་། མཚོ་སྔོན་པོ་དང་ཚྭ་ཁའི་ཡུལ་ལྗོངས་ལ་ཡུལ་སྐོར་བྱས་ནས་མེས་རྒྱལ་གྱི་རི་ཆུར་ཉམས་ལེན་བྱས།ཐེངས་འདིའི་ཡུལ་སྐོར་བརྒྱུད་ནས།སློབ་གྲོགས་ཚོས་རྒྱལ་ཁབ་འཛུགས་སྐྲུན་དང་སློབ་གསོའི་འཕེལ་རྒྱས། རང་བྱུང་ཐོན་ཁུངས་བཅས་ལ་ཉམས་ལེན་བྱས་པ་མ་ཟད། ནང་ལོག་ས་ཁུལ་དང་ཤང་ཀང་སྤུན་ཟླ་བར་གྱི་རྩ་བ་གཅིག་མཐུན་དང་ཁྲག་རྒྱུན་གཅིག་རྟེན་ཡིན་པའི་བརྩེ་བར་ཉམས་ལེན་བྱས་ཏེ།ང་ཚོ་དགེ་སློབ་ཡོངས་ལ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་རྣམ་པ་ལེགས་པོར་མྱོང་རོལ་བྱེད་དུ་བཅུག་ཟེར།
ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་མཐུན་སྒྲིལ་སྡེ་བའི་སྡེ་སྲོལ་བཟང་ལ། ཁྱིམ་མཚེས་བར་འཆམ་མཐུན་གནས་ཤིང་། བོད་རིགས་དང་རྒྱ་རིགས།ཧའེ་རིགས། སོག་རིགས་སོགས་མི་རིགས་མང་པོའི་མང་ཚོགས་དུས་ཡུན་རིང་པོར་མཉམ་སྡོད་མཉམ་འདྲེས་དང་ཕན་ཚུན་རོགས་རེས་བྱེད་བཞིན་ཡོད་པས། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོར་བརྟེན་ནས། སྡེ་བའི་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་མ་ལག་ཆ་ཚང་དུ་བཏང་སྟེ། ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་དང་བླ་ཤིང་གསར་རྩོམ་གྱི་ལག་ལེན་ལས་གཞི་བཏོད་ནས། དུས་རྒྱུན་དུ་ས་གནས་སོ་སོའི་ལོ་ཆུང་བྱིས་པའི་ཞིབ་འཇུག་སློབ་སྦྱོང་བརྗེ་རེས་དང་ལེན་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་ཡོད།
མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་མཐུན་སྒྲིལ་སྡེ་བར་མངགས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལིའུ་ཀྲི་ཆང་གིས་བཤད་རྒྱུར། མཐུན་སྒྲིལ་སྡེ་བའི་ཁྱིམ་ཚང་གཅིག་ལ་དོན་དག་ཡོད་ན་སྡེ་བ་ཡོངས་ཀྱིས་ནུས་པ་འདོན་ལ། དུས་རྒྱུན་གྱི་ཐོན་སྐྱེད་འཚོ་བ་དང་བྱིས་པ་སྐྱེལ་ལེན། ཡང་ན་རྒན་པར་བདག་སྐྱོང་བཅས་གང་ཡིན་རུང་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱེད་པས། མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་གང་སར་མངོན་ཡོད། འདི་ལྟ་བུའི་རྣམ་པ་བཟང་པོར་བརྟེན་ནས།ད་ལོར་ང་ཚོས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སློབ་མ། དེ་མིན་ཁུལ་ཡོངས་ཀྱི་གུང་གཞོན་ཚོགས་པའི་ལོ་ཆུང་བྱིས་པ་བཅས་རྩ་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ་ཡིན། ད་ལོར་ང་ཚོས་ད་དུང་བླ་ཤིང་བརྗོད་དོན་ཡིན་པའི་ལྗོངས་ཕྱིའི་སྤྱི་ཕན་བྱེད་སྒོའང་གསར་གཏོད་བྱས་ནས།བླ་ཤིང་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་སྤོབས་པས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད་ཟེར།།