སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་ཀྱི་བཟོ་སྐྲུན་འཕྲུལ་ཆས་ཆུང་གྲས་དང་ཁོར་སྲུང་གི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།  ཟླ7པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་ཀྱི་བཟོ་སྐྲུན་འཕྲུལ་ཆས་ཆུང་གྲས་དང་ཁོར་སྲུང་གི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་དེ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་མཛད་སྒོའི་སྟེང་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ཏེ། གཞི་རིམ་གྱི་སྤུས་ལེགས་བཅོས་སྐྱོང་ཐོན་ཁུངས་དང་གཞི་རིམ་གྱི་ལས་སྒྲུབ་སྒྲིག་ཆས་བཀོད་སྒྲིག་བྱས་པ་བརྒྱུད། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་པའི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་བཏང་སྟེ། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་བཅས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ནུས་ཤུགས་བཏོན་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་བྱ་འགུལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་བྱ་འགུལ་ལ་མགོ་འཛིན་བྱས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མི་ཚེ་བརྟན་སྒྲོལ་མ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞུ་ཚེ་རིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀའོ་ཡུང་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཅུན་ལུའུ། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཡན་བཅས་མཛད་སྒོར་ཞུགས། རྫོང་སོ་སོའི་རྫོང་ཨུའི་ཧྲུའུ་ཅི་དང་། ཤང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི། སྡེ་བ་དང་སྡེ་ཁུལ་ཁག་ཅིག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཆེད་དོན་བྱ་བའི་རུ་ཁག་གི་རུ་གཙོ་དང་དང་བླངས་ཉེན་རྟོག་པའི་འཐུས་མི་བཅས་མཛད་སྒོར་ཞུགས།

བྱ་འགུལ་སྤེལ་ཡུལ་དུ་ཁུལ་རིམ་པའི་མགོ་ཁྲིད་རྣམས་ཀྱིས་གུང་ཧོ་དང་ཐུན་ཏེ། ཞིན་ཏེ་བཅས་རྫོང་གསུམ་གྱི་སྡེ་བ་དང་སྡེ་ཁུལ7གྱི་ཆེད་དོན་བྱ་བའི་རུ་ཁག་གི་རུ་གཙོ་ཡི་འཐུས་མི་རྣམས་ལ་སྒྲིག་ཆས་ཀྱི་ལྡེ་མིག་སྤྲད་ཅིང་། ཐེངས་འདིར་བཟོ་སྐྲུན་འཕྲུལ་ཆས་ཆུང་གྲས་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་གཅིག་བསྡུས་སྒོས་སྤྲད་པ་དེས་གྲོང་གསེབ་བཅོས་སྐྱོང་ཐད་འཕྲུལ་ཆས་མི་འདང་བའི་སྟོང་ཆ་གནད་ལ་འཁེལ་བའི་སྒོ་ནས་བསྐངས་ཏེ། གཞི་རིམ་གྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་བ་མ་ཟད། ད་ལོའི་ཞོད་དུས་ཀྱི་གནམ་གཤིས་ངན་པར་ཁ་གཏད་ཐུབ་པའི་སྒྲིག་ཆས་གྲ་སྒྲིག་དང་མཁོ་བསྟུན་ཆུ་ལོག་འགོག་སྲུང་གི་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

ཐེངས་འདིར་སྒྲིག་ཆས་བཀོད་སྒྲིག་བྱས་པ་དེས་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་དོ་དམ་དང་སྲུང་སྐྱོང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་གཙོ་གནད་བྱ་བའི་སྤུས་ཚད་མཐོར་འདེགས་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་ཕྱོགས་ཡོངས་ནས་རོགས་འདེགས་བྱས་ཤིང་། ཅན་བཅུའི་ཏང་འཛུགས་ཀྱི་གཞི་རིམ་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་རེད།

གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་གྱོག་ཁ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲུང་ཧྲང་ཧྥེང་གིས་བཤད་རྒྱུར།

ཐེངས་འདིའི་འཕྲུལ་ཆས་ཆུང་གྲས་དང་ཁོར་སྲུང་སྒྲིག་ཆས་གཅིག་བསྡུས་སྒོས་སྤྲོད་པའི་མཛད་སྒོར་ཞུགས་ཐུབ་པ་འདི་ངའི་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། སྔོན་ཆད་སྡེ་བའི་ནང་ཆུ་ལོག་གིས་ལམ་རྡིབ་པ་དང་ཆུ་རྐ་འགག་པ། རྩྭ་སའི་བྱུར་རྐྱེན་གྲལ་བཤེར། ཁོར་ཡུག་བཅོས་སྐྱོང་སོགས་བྱ་བ་གང་ཡིན་ཡང་མི་ཤུགས་ཁོ་ནར་བརྟེན་དགོས་པས། ལས་ཆོད་དམའ་ལ་ངལ་རྩོལ་གྱི་ཁུར་པོའང་ཧ་ཅང་ལྕི། ཐེངས་འདིར་ཁོར་སྲུང་རྐང་གསུམ་དང་མི་མེད་གནམ་གྲུ། ས་རྐོ་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་སྤྲད་པ་འདིས་སྡེ་བ་རིམ་པའི་མཁོ་བསྟུན་ཐག་གཅོད་དང་ཁོར་ཡུག་བཅོས་སྐྱོང་བཅས་ལ་འགན་སྲུང་བྱས། འདི་ནི་ཏང་ཨུ་དང་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་དོན་དངོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད་ཟེར།

热门新闻

热门图库

热门排行