ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་བཟོ་གྲྭའི་མེ་སྐྱོན་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད12ཙམ་ལ། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས།
དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་བཟོ་གྲྭར་མེ་སྐྱོན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས། མི་སྣ་འཚོལ་སྐྱོབ་དང་རྗེས་འཇུག་སེམས་གསོ་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ། དོན་རྐྱེན་གྱི་རྒྱུ་རྐྱེན་གང་མགྱོགས་ངང་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས་པ་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཚུན་ལ། རྒྱལ་ནང་དུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མང་པོ་བྱུང་བ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསླབ་བྱ་ཟབ་མོ་བསྡུ་ལེན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་སྲུང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱེད་པ་དམ་འཛིན་ནན་མོ་བྱས་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་རྩ་འཛུགས་དང་། རྗེས་འཇུག་བྱ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཞོར་ཐོན་དོན་རྐྱེན་སྔོན་འགོག་བྱེད་པ་དང་། དུས་མཚུངས་སུ་གང་མགྱོགས་སྒོས་རྒྱུ་རྐྱེན་རྩད་གཅོད་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོས་ཚད་མཐའི་འདུ་ཤེས་དང་མཐར་ཐུག་གི་འདུ་ཤེས་བརྟན་པོ་འཛུགས་པར་སྔར་བས་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་། འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། དོན་རྐྱེན་ཚབས་ཆེན་འབྱུང་བར་གཏན་འགོག་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། འཕྲལ་བསྟུན་དོ་དམ་པུའུ་ཡིས་བྱ་བའི་ཚན་ཆུང་མངགས་ཏེ་ཡུལ་དངོས་སུ་མཛུབ་སྟོན་བྱས་ཤིང་། ཧྥུའུ་ཅན་ཞིང་ཆེན་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་རྨས་མ་སྐྱོབ་བཅོས་དང་ཡུལ་དངོས་ཐག་གཅོད་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ནས་ད་ལྟ་བྱ་བ་སོ་སོ་སྒྲུབ་བཞིན་པའི་སྒང་རེད།