རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཇུས་གཞི》(གཤམ་དུ《འགུལ་སྐྱོད་ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཐཱན་རྩེར་སོན་ལས་དོན་ལ་བཀོད་སྒྲིག་བྱས།

《འགུལ་སྐྱོད་ཇུས་གཞིའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ནུས་རྒྱུའི་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འགན་ལེན་དེ་བས་ལེགས་པོ་བྱེད་པ་དང་། ནུས་རྒྱུ་ལྗང་མདོག་གི་ཐཱན་ཉུང་ཕྱོགས་སྒྱུར་འགག་རྩར་བྱས་ནས། ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་གཅོག་གི་ལས་དོན་ཡག་པོར་བསྒྲུབས་ཏེ། རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་ཀྱི་རྩེར་སོན་བརྟན་རླིང་ངང་མངོན་འགྱུར་ཡོང་བར་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་ཁྲིད་སྟོན་དེ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱས་ཏེ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ངང་ཆགས་པ་དང་། ལྗང་མདོག་དཔལ་འབྱོར་འཕར་གཞི་དེ་བས་མང་པོ་སྐྱེད་སྲིང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་པོ་བསྐྲུན་དགོས་པར་ནན་གྱིས་བསྟན།
《འགུལ་སྐྱོད་ཇུས་གཞིའི》ནང་། 2030ལོར་བསླེབས་སྐབས་རང་རྒྱལ་གྱི་ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དེ་2025ལོ་ལས17%དམའ་རུ་གཏོང་བ་དང་། རྫས་འགྱུར་རྡོ་སྣུམ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱིས་བཟུང་བའི་བསྡུར་ཚད་དེ25%ཟིན་ནས། དུས་བཀག་ལྟར་ཐཱན་རྩེར་སོན་གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་འགན་ལེན་བྱས་ཏེ། 2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། ཐཱན་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པར་བཏོན་ཡོད།
《འགུལ་སྐྱོད་ཇུས་གཞིའི》ནང་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད། གཅིག་ནི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། རྫས་འགྱུར་རྡོ་སྣུམ་མིན་པའི་ནུས་རྒྱུ་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གློག་ཤུགས་མ་ལག་གི་ནུས་རྒྱུ་གསར་པ་བསྡུ་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ། རྡོ་སོལ་འཛད་སྤྱོད་ཀྱི་དྭངས་གཙང་ཚབ་བྱེད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྣུམ་རླངས་འཛད་སྤྱོད་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། གཉིས་ནས་ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གྲུབ་ཆ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྒྱུར་བཀོད་བྱེད་པ། ཐཱན་མེད་གླིང་ཁུལ་དང་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྩིས་ཤུགས་སྒྲིག་བཀོད་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། འཛུགས་སྐྲུན་ཁྱབ་ཁོངས་དང་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་དང་ཐཱན་གཅོག་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཐཱན་ཉུང་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་མ་ལག་གི་ཐཱན་བསྡུའི་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས། བཞི་ནི་འདེགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཐཱན་འབུད་ཚད་བསྡོམས་རྩིས་ཀྱི་ཞིབ་རྩིས་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཁྲོམ་ར་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལྔ་ནས་ཕྱོགས་སོ་ོསོའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་ས་གནས་ཀྱི་འགན་འཁྲི་བརྟན་པོ་བཟོས་ཏེ། ལྗང་མདོག་ཐཱན་ཉུང་གི་དམངས་ཡོངས་ཀྱི་འགུལ་སྐྱོད་སྤེལ་ནས། ལྗང་མདོག་ཐཱན་ཉུང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
《འགུལ་སྐྱོད་ཇུས་གཞིའི》ནང་ཏང་གི་མགོ་ཁྲིད་དེ་ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གིས་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བཀོད་སྒྲིག་དང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་རྗེས་འདེད་བཀོད་གཏོང་བྱས་ཏེ། གནས་ཚུལ་དངོས་ལ་གཞིགས་ནས་ལས་འགན་དང་བྱེད་ཐབས་ལེགས་སྒྱུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །