མཚོ་ལྷོ་ཁུལ་གྱིས་སྐབས་ཉེར་ལྔ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་མཚོ་ལྷོའི་འགྲན་མཚམས་ཀྱི་གྲ་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་པ།
ཟླ7པའི་ཚེས9ཉིན། མཚོ་ལྷོ་ཁུལ་གྱིས་སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་མཚོ་ལྷོའི་འགྲན་མཚམས་ཀྱི་གྲ་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་། ཁུལ་གཏོགས་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགྲན་བསྡུར་འགན་སྲུང་བྱ་བའི་འཕེལ་རིམ་སྙན་ཞུར་ཉན་པ་དང་། གྲ་སྒྲིག་བྱ་བ་སྤྱི་སྡོམ་བྱས་ཤིང་། ཞན་ཆ་དང་མི་འདང་བའི་ཆ་རྣམས་གསལ་འདོན་བྱས་ཏེ། འགྲན་བསྡུར་གྱི་གྲ་སྒྲིག་བྱ་བ་བསྐྱར་དུ་བཀོད་སྒྲིག་དང་ཞིབ་ཚགས་ཅན་དུ་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་ཚོགས་འདུར་མགོ་འཛིན་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲའོ་ཧུང་ཚའེ་ཡིས་ལས་བགོས་འགན་འཁུར་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་བྱ་བ་བཀོད་སྒྲིག་བྱས།
ཚོགས་འདུ་ལས་ད་ལོ་ནི་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་བསྡུར་སྤེལ་ནས་ལོ་འཁོར་ཉེར་ལྔ་ལོན་པའི་ལོ་ཡིན་པ་དང་། ཨེ་ཤ་ཡའི་རྩེ་གྲས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཡིན་པའི་ཆ་ནས། འགྲན་བསྡུར་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་སྤེལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་བཞིན་ཡོད་ལ། མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་བསྡུར་གྱི་མཚོ་ལྷོའི་འགྲན་མཚམས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། འགྲན་བསྡུར་འདི་ནི་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཕྱི་ཚུལ་རིང་ལུགས་དོར་ནས། འགྲན་ལམ་དོ་དམ་དང་སྲུང་སྐྱོང་། འགྲིམ་འགྲུལ་ཤར་གཏོང་། བདེ་འཇགས་སྲུང་སྐྱོང་། སྨན་བཅོས་མྱུར་སྐྱོབ། སྣེ་ལེན་ཞབས་ཞུ་སོགས་ཀྱི་འགག་རྩར་དམིགས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་གྲ་སྒྲིག་བྱ་བ་སོ་སོ་དོན་འཁྱོལ་བྱ་དགོས། དེ་དང་ཆབས་ཅིག་འགྲན་བསྡུར་གྱི་སྟེགས་བུར་བརྟེན་ནས་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ལུས་རྩལ་དང་སྐྱེ་ཁམས། རིག་གནས་ཡུལ་སྐོར། གྲོང་གསེབ་དར་སྤེལ་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་རོགས་འདེགས་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་འགན་སྲུང་ནན་མོ་བྱས་ནས། གཙོ་གནད་བྱ་བ་དམ་འཛིན་དང་ཞིབ་ཚགས་ཅན་དུ་གཏོང་དགོས་ཤིང་། བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཞབས་ཞུའི་འགན་སྲུང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། འགྲན་བསྡུར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ་བཅས་བྱས་ཏེ། འགྲན་བསྡུར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན། །