ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་གི་དུས་ཚིགས་གཉིས་པའི་བཀོད་གཏོང་ཚོགས་འདུ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས8ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་གི་དུས་ཚིགས་གཉིས་པའི་བཀོད་གཏོང་ཚོགས་འདུ་བསྡུས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ་འཕེལ་རིམ་གནས་ཚུལ་ལ་ཕྱོགས་སྡོམ་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ནས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཝེ་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་གཅིག་སྡུད་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ཁྱབ་བསྒྲགས་བྱས།
གཞུང་དངོས།
ཚོགས་འདུ་ལས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ད་ལོ་ནི་གཅིག་སྡུད་བཅོས་སྐྱོང་གི་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་ཡིན་པས་ས་གནས་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བཅོས་སྐྱོང་གི་འཕེལ་ཕྱོགས་ཤུགས་ཆེན་པོ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུ་བསྡུ་རུབ། གནད་དོན་གྱི་ཁུངས་སྣེ་འཚོལ་ཞིབ།གྱོད་གཞི་རྩད་སྒྲུབ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། གཅིག་སྡུད་བཅོས་སྐྱོང་ལས་དོན་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་དམ་འཛིན་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་རྫོང་ཁག་དང་སྡེ་ཁག་སོ་སོས་འགན་འཁྲིའི་འཁུར་སེམས་དྲག་པོ་དང་སྟོབས་ཤུགས་ཡོད་ཚད་ལ་བརྟེན་ནས། གཙོ་གནད་ཁྱབ་ཁོངས་ཁག་གི་བཅོས་སྐྱོང་ལས་གཞིར་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ་དང་སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་བྱས་ཏེ། ཁུལ་ཡོངས་ཀྱི་གཅིག་སྡུད་བཅོས་སྐྱོང་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་འགན་སྲུང་བྱ་དགོས་ཤིང་། གཅིག་ནི་གཟབ་ནན་གྱི་བླང་བྱར་བརྟེན་ནས་འགན་འཁྲི་ནན་དུ་གཏོང་དགོས་ཏེ། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་སྣེ་ཁྲིད་དེ་རང་དཔེ་གཞན་སྟོན་གྱིས་བཀོད་འདོམས་པ་བྱེད་དགོས་ལ་ལག་ལེན་པ་ཞིག་ཀྱང་བྱེད་དགོས། བྱེད་ཐབས་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་གཏོང་བ་དང་བྱ་བའི་འགག་སྒོ་མདུན་དུ་སྤོ་བ། ལས་ཀ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་བར་ཕན་འབྲས་ཐོབ་པར་བྱ་དགོས། གཉིས་ནི་ཆེས་ཆེ་བའི་ནུས་ཤུགས་ལ་བརྟེན་ནས་ལས་གཞིར་བཅོས་སྐྱོང་བྱེད་པ། མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གསུམ་གྱི་དོ་དམ་དང་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན། སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། དོན་དག་ཆུང་ཆུང་ནས་མགོ་བརྩམས་ཏེ་གནད་དོན་ཆེན་པོ་ཐག་གཅོད་བྱེད་པ་དང་། དམངས་ཚིས་ལ་བཅོས་སྐྱོང་བྱས་ནས་མཉམ་འབྲེལ་ལྟ་སྐུལ་དོ་དམ་དང་རྒྱུན་རྣམ་འཁོར་སྐྱོད་ཀྱི་སྤྱོད་བདེ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས།གསུམ་ནི་ཆེས་དངོས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་གྱོད་དོན་རྩད་སྒྲུབ་བྱེད་པ། གྱོད་དོན་རྩད་སྒྲུབ་ལས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ནོར་འཛོལ་རྒྱུན་མཐུད་ངང་ཡོ་བསྲང་བྱས་ཏེ། གནད་དོན་ཤེས་རྟོགས་དང་གནད་ལ་འཁེལ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ། ཐད་ཀར་བསྒྲུབ་པ་དང་བསྒྲུབ་པར་སྐུལ་བ། བརྗེ་རེས་ཀྱིས་བསྒྲུབ་པ། གྱོད་གཞི་འགན་གཙང་ལེན་གྱིས་བསྒྲུབ་པ་བཅས་ཟུང་འབྲེལ་བྱས་ནས། གྱོད་གཞི་རྩད་སྒྲུབ་བྱེད་ཤུགས་ལ་བརྟེན་ནས་ཕན་འབྲས་དངོས་ཐོན་པར་བྱ་དགོས། གྱོད་གཞི་ལས་གསལ་འདེབས་དང་དོ་དམ་ལ་ཤུགས་སྣོན་བྱས་ནས། གཞི་རིམ་ལས་བྱེད་པའི་འགན་སྒྲུབ་དབང་སྤྱོད་ཚད་ལྡན་ཡོང་བར་ཁྲིད་སྟོན་བྱ་དགོས། བཞི་ནི་ཆེས་མཐོ་བའི་ཚད་གཞིས་ཡིག་སྐུར་ངོ་བཅར་གྱི་འགལ་བ་དང་རྩོད་གཞིར་འདུམ་འགྲིག་བྱེད་པ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཁུལ་ཨུའི་འགལ་བ་དང་རྩོད་གཞིའི་ཡིག་སྐུར་ངོ་བཅར་གྱི་གྱོད་གཞིའི་གྲལ་བཤེར་དང་འདུམ་འགྲིག བྱ་བའི་བཀོད་སྒྲིག་བཅས་ཀྱི་བླང་བྱ་ལྟར། ཞིབ་ཚགས་དང་གཟབ་ནན་གྱི་སྤྱོད་ཚུལ་ལས་འགལ་བ་དང་རྩོད་གཞི་གྲལ་བཤེར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་འགལ་བ་དང་རྩོད་གཞིའི་འདུམ་འགྲིག་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུ་ལས་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་། དེ་མིན་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་དང་ཁུལ་ཆུ་བེད་ཅུའུ། ཁུལ་རྩྭ་ཐང་དང་ནགས་ལས་ཅུའུ་བཅས་ཀྱིས་གཏམ་བཤད་སྤེལ་བ་དང་། རྫོང་གཞན་དག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས།
ཚོགས་འདུ་དེ་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་། ཁུལ་དུ་ཚོགས་ར་གཙོ་བོ་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཤིང་། ཀྲང་ཅུན་ལུའུ། སུན་ཅུན་ཞཱ། ཏེང་ཧྲེང་ཕེང་། བསོད་ནམས་བདེ་སྐྱིད། ཁྲེ་ཞང་ཞན། ཞུའུ་ཅན་ཅུན། ཅང་ཏུང་མེ། ཀྲའོ་ཧུང་ཚའེ། བཀྲ་ཤིས་ཕུན་ཚོགས་བཅས་ཚོགས་འདུར་ཞུགས།།