གུང་ཧོ་རྫོང་གིས་བུད་མེད་ལག་ཤེས་པའི་ཚོང་འགྲེམས་བྱ་འགུལ་སྤེལ་བ།
རང་ཚགས་པར་གྱི་འཕྲིན། ཉེ་ཆར།གུང་ཧོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་པོའི་ཐང་ཆེན་བདེ་སྐྱིད་རང་འདེམས་ཚོང་ཁང་གི་སྒོ་ཁར་བརྩེ་སེམས་གུང་ཧོར་འབུལ་བ་ཞེས་པའི་བུད་མེད་ལག་ཤེས་ཚོང་འགྲེམས་ཀྱི་བྱ་འགུལ་སྤེལ་ཏེ།བུད་མེད་ལས་བཏོད་ཀྱི་འགྲེམས་སྟོན་སྤེལ་རེས་སྟེགས་བུ་བསྐྲུན་ནས།བུད་མེད་རྣམས་ཀྱི་ཡོང་སྒོ་འཕར་བ་དང་གྲོང་གསེབ་དར་སྤེལ་ཐད་ལ་སྒུལ་ཤུགས་བསྣན་པ་རེད།
ཐེངས་འདིའི་བྱ་འགུལ་ཁྲོད་རྫོང་ཡོངས་ཀྱི་བུད་མེད་ལས་བཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ།ཤང་གྲོང4དང་སྡེ་ཁུལ9ཡི་བུད་མེད་ལག་ཤེས་རྟེན་གཞི3བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ་དང་།བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ། ཁྱིམ་དུ་ལས་ཞུགས་ཐུབ་པའི་བུད་མེད་དང་དེ་བཞིན་བུད་མེད་ཀྱི་ཁེ་ལས་ཆུང་གྲས་དང་ལག་ཤེས་མཉམ་ལས་ཁང་མང་པོ་འགྲེམས་སྟོན་ལ་ཞུགས་པ་རེད།ཡུལ་དངོས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཙག་དྲུབ་དང་།ཁབ་བསླས་ལག་རྩལ།ཁྱད་ལྡན་ཁྱིམ་གཞིའི་རིག་གནས་གསར་བཏོད་སོགས་སྤུས་ལེགས་ལག་ཤེས་བརྩམས་ཆོས2000ལྷག་ཙམ་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་པ་དང་།གུང་ཧོ་རྫོང་གི་བུད་མེད་རྣམས་ཀྱི་རྩེར་སོན་གྱི་ལག་རྩལ་དང་ཧུར་བརྩོན་ཡར་བསྐྱེད་ཀྱི་ལས་བཏོད་རྣམ་པ་གང་ལེགས་སྒོས་མངོན་པ་རེད།
གུང་ཧོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཀྲའེ་ཆིང་ཆིང་གིས་བཤད་རྒྱུར།གཅིག་སྡུད་སྒོས་འགྲེམས་སྟོན་བྱས་པ་བརྒྱུད་སློབ་སྦྱོང་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས།བུད་མེད་ཀྱི་འབབ་འཕར་ཕྱུག་འགྱུར་དང་ཕན་ཚུན་རོགས་རམ་བྱ་རྒྱུར་སྐུལ་འདེད་བྱས་པ་རེད་ཟེར།
ཐེངས་འདིའི་བྱ་འགུལ་ཁྲོད་བརྩམས་ཆོས་འགྲེམས་སྟོན་དང་།ལག་རྩལ་སྤེལ་རེས།ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་ནས།རང་ས་གནས་ཀྱི་ལག་ཤེས་ཚོང་རྫས་ཁྱབ་གདལ་དང་དཀའ་ཁག་སེལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས།བུད་མེད་ཀྱི་ལས་བཏོད་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་རེད།