མཚོ་ལྷོ་ཁུལ་གྱིས་རྩིས་ཤུགས་ཐོན་ལས་སྤུས་འདེགས་ནུས་འཕར་ཡོང་བར་སྐུལ་འདེད་བཏང་བ།
རང་ཚགས་པར་གྱི་འཕྲིན། ད་ལོའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྗང་མདོག་གློག་ཤུགས་ཀྱིས་ལྗང་མདོག་རྩིས་ཤུགས་ལ་མཐུན་རྐྱེན་བསྐྲུན་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། རང་འགུལ་ངང་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་གྱི1+2+Nལྗང་མདོག་རྩིས་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ནང་འདྲེས་པར་བྱས་ཏེ། ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ཤུགས་གཏིང་ཟབ་ངང་མཉམ་འདྲེས་དང་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྔོན་ལ་འཆར་འགོད་ལེགས་པོ་བྱ་དགོས། མཚོ་ལྷོ་ཁུལ་གྱིས་ཚད་གཞི་མཐོ་བའི་སྒོ་ནས་ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ཐོན་ལས་གླིང་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རྩིས་གློག་མཉམ་ལས། ནུས་རྒྱུ་གཙང་མའི་འཕེལ་རྒྱས་བཅས་ཀྱི་ཆེད་དོན་འཆར་འགོད་གསུམ་ལེགས་འགྲུབ་བྱུང་ཞིང་། ཁུལ་རིམ་པའི་ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ཐོན་ལས་གླིང་ལ་དངོས་སུ་ཆོག་མཆན་ཐོབ། གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་མུའུ1400ཟིན་ཡོད་ལ། མིག་སྔའི་བར་དུ་སྟོང་ཧྥུའུ330དང་སྟོང་ཧྥུའུ110ཡི་གློག་སྒྱུར་ས་ཚིགས་འོད་དྲ་ཡོངས་དང་སྦྲེལ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། འཕྲེད་བཞི་གཞུང་དྲུག་གི་ལམ་དྲ་དང་གློག་ཐག་སྦུག་ལམ་ཡང་དུས་མཉམ་དུ་བསྐྲུན་པས། ལྟེ་བའི་ཐེག་ནུས་མངོན་གསལ་གྱིས་ཆེ་རུ་བཏང་སྟེ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།
གླིང་ཁུལ་གྱི་གཞི་རྟེན་ཡོད་པས་ལྗང་གློག་མཁོ་འདོན་བྱ་རྒྱུ་ངེས་པར་དུ་རྗེས་ཆོད་པར་བྱ་དགོས་ལ། ཆུ་དང་རླུང་། འོད། ཚ་ནུས་བཅས་ཀྱི་ཕྱོགས་བསྡུས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སུ་གཏོང་བའི་འཆར་གཞིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6800བསླེབ་ཏེ། གློག་འདོན་ཚད་སྟོང་ཝ་དུང་ཕྱུར2.2ཟིན་ཡོད། མིག་སྔའི་བར་དུ། དྲ་སྦྲེལ་གྱི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཁྲི3658ལ་སླེབས་པས།ཞིང་ཆེན་ཡོངས་ཀྱི46%ཟིན།དེའི་ཁྲོད་དུ་འོད་ནུས་ཀྱི་སྟོང་ཝ་ཁྲི2255དང་རླུང་གློག་གི་སྟོང་ཝ་ཁྲི470།ཚལ་རྔ་འགག་དང་ལ་ཟེ་བ།གཡང་ཆུ་སོགས་ཆུ་གློག་ས་ཚིགས5ཡི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཁྲི720ཡོད།གླེང་རིན་ཡོད་པ་ཞིག་ནི་གུང་ཧོ་གཤོང་སའི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཀྱིས་རང་རྒྱལ་གྱི་ཚོད་ལྟའི་རང་བཞིན་གྱི་གློག་འདོན་དྲ་སྦྲེལ་ཐོག་མ་མངོན་འགྱུར་བྱུང་བས།གློག་འདོན་ཚད་སྟོང་ཝ1540ཡོད་པ་མ་ཟད།ས་འོག་ཚ་ནུས་ལ་བརྟེན་ནས་སྨི་གྲུ་བཞི་མ་ཁྲི100ལ་གཅིག་བསྡུས་ཀྱིས་དྲོད་འདོན་བྱས་ཡོད།
ལས་གཞི་ལག་བསྟར་བྱ་རྒྱུ་ནི་འགག་རྩ་ཡིན་པས།མཚོ་ལྷོ་ཁུལ་གྱིས་ལས་གཞིའི་ཆེད་དོན་སྐུལ་འདེད་ལམ་སྲོལ་བཙུགས་ཏེ།ས་ཚིགས་གཅིག་ནས་ཞབས་ཞུ་ཡོངས་སྒྲུབ་པར་ཁྱབ་གདལ་དུ་བཏང་སྟེ།རྩིས་ཤུགས་ལས་གཞིའི་འཛུགས་སྐྲུན་ལ་འགན་སྲུང་གང་ལེགས་བྱས་ཤིང་།མིག་སྔར་གླིང་ཁུལ་དུ་ཐོ་འགོད་ལག་བསྟར་བྱས་པའི་ལས་གཞི17ཡོད་པས།སྤྱིའི་མ་དངུལ་སྒོར་དུང་ཕྱུར162.3གཏོང་འཆར་ཡོད་ལ།རྒྱལ་ཁབ་ཀྱི་རྩིས་ཤུགས་རྨང་གཞིའི་སྒྲིག་བཀོད་མཛུབ་སྟོན་གྱི་བླང་བྱར་ཞིབ་བསྡུར་བྱས་ན།ཁེ་ལས7གྱིས་རྩིས་ཤུགས་འབྲིང་རིམ་གྱི་དཔྱད་ཞིབ་ལེགས་འགྲུབ་བྱུང་ཟིན།
རྗེས་ཕྱོགས་མཚོ་ལྷོ་ཁུལ་གྱིས་ལྗང་གློག་དང་ལྗང་རྩིས་ཀྱི་མཐུན་སྦྱོར་མཉམ་འགུལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས།གཞི་གྲངས་དང་རིག་ནུས་ཀྱི་ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་དེ།ལྗང་མདོག་རྩིས་གློག་ཐོན་ལས་དར་སྤེལ་སྒོས།ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ཤུགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་མཚོ་ལྷོའི་སྟོབས་ཤུགས་འབུལ་རྒྱུ་རེད།།