ལི་ཀུའེ་མེའེ་ཡིས་དབང་བོ་སྐྱོན་ཅན་རྣམས་ལ་བཅངས་པའི་བརྩེ་སེམས།
དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞིང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་གནའ་མཁར་སྡེ་ཁུལ་དུ་གཞི་རིམ་ལས་བྱེད་པ་ཞིག་ཡོད་དེ། མོ་ནི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ལས་འཛིན་དཔོན་དང་གེགས་མེད་ཁོར་ཡུག་ལྟ་སྐུལ་པའང་ཡིན། ལོ་འདི་འགའི་རིང་ལ། མོས་ཁོངས་གཏོགས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་མིའི་རེ་འདུན་དང་དཀའ་ཁག་སེམས་ལ་བཟུང་ནས། ཁོ་ཚོའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་དམངས་ཀྱི་དཀའ་གནད་ཐག་གཅོད་བྱེད་བཞིན་ཡོད།
གནའ་མཁར་སྡེ་ཁུལ་དུ་རྒྱུན་སྡོད་ཁྱིམ་ཚང1058ཡོད་པ་དང་དེའི་ནང་དབང་བོ་སྐྱོན་ཅན68ཡོད། སྡོད་དམངས་ཧུའུ་པིང་ལན་ནི་དབང་བོ་སྐྱོན་ཅན་རིམ་པ་གཉིས་པ་ཡིན་པས་འགྲོ་འདུག་ལ་སྟབས་མི་བདེ་ཞིང་། ཁྱིམ་དུ་གེགས་མེད་སྒྲིག་བཀོད་མེད་པས་འཚོ་བར་དཀའ་ཁག་ཆེན་པོ་ཡོད། ལི་ཀུའེ་མེའེ་མོའི་ཁྱིམ་དུ་སོང་ནས་གནས་ཚུལ་ཤེས་རྗེས་དུས་ཐོག་ཏུ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་འབྲེལ་མཐུད་བྱས་ཏེ་ཁྱིམ་དུ་གེགས་མེད་བསྒྱུར་བཀོད་ལས་གཞིའི་རེ་ཞུ་ཡར་སྤྲད་པ་མ་ཟད། ཨར་ལས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ནས། གསང་སྤྱོད་ཁང་དུ་འདྲེད་འགོག་དང་ཁྱིམ་ཚང་དུ་གེགས་མེད་རམ་འདེགས་ཡོ་བྱད་སོགས་བཀོད་སྒྲིག་བྱས་པ་རེད། ཁྱིམ་ཚང་དེ་ནི་མོས་ཟླ་རེར་ངེས་པར་དུ་འཚམས་འདྲི་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
ཁྲི་ཀ་རྫོང་གནའ་མཁར་སྡེ་ཁུལ་གྱི་སྡོད་དམངས་ཧུའུ་པིང་ལན་གྱིས་བཤད་རྒྱུར། ང་ལ་དྲག་གྲུམ་གྱི་ནད་བྱུང་ནས་ལོ་སུམ་ཅུ་ལྷག་འགོར་སོང་། ལུས་པོ་འགུལ་སྐྱོད་བྱེད་དཀའ་བས་རྒྱུན་ལྡན་གྱི་འཚོ་བ་རང་མགོ་རང་ཐོན་ཙམ་ལས་ཀ་ལྕི་མོ་ཞིག་ལས་རྒྱུ་ཧ་ཅང་དཀའ་མོ་རེད། ཡིན་ནའང་ང་ཚོའི་སྡེ་ཁུལ་གྱི་ཧྲུའུ་ཅི་ལི་ཡིས་ཟླ་བ་རེར་ཁོམ་པ་བཙལ་ནས་ང་ལ་ཐེངས་གསུམ་ནས་བཞི་རེར་བལྟ་རུ་ཡོང་བཞིན་ཡོད་ལ། ཡོང་ཐེངས་རེ་རེར་འཚམས་འདྲིའི་དངོས་ཟོག་བྱིན་པ་དང་ཁ་བརྡ་བྱས་པས་ངའི་སེམས་པའང་ཧ་ཅང་སྐྱིད་པོ་བྱུང་། ང་ལ་རྒྱུན་དུ་བདག་སྐྱོང་བྱེད་བཞིན་ཡོད་པས་མོ་དངོས་གནས་བྱམས་སེམས་ཅན་ཞིག་རེད་ཟེར།
ཁྱིམ་ཚང་གཅིག་གི་དྲོད་ཁོལ་ལས་ས་ཁུལ་ཞིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་མཚོན་ཡོད་ལ། ལོ་མང་པོའི་གཞི་རིམ་ལས་དོན་ཁྲོད། ལི་ཀུའེ་མེའེ་ཡིས་དུས་རྒྱུན་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་དང་། འཚོ་བའི་དཀའ་ངལ། དགོས་མཁོ་དངོས་བཅས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། དོ་དམ་རྩིས་ཐོ་བཟོས་ནས་གནད་འཁེལ་རྒྱུས་ལོན་དང་རོགས་སྐྱོར། ཞབས་ཞུ་བཅས་མངོན་འགྱུར་བྱུང་ཡོད།
ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་གནའ་མཁར་སྡེ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཀུའེ་མེ་ཡིས་བཤད་རྒྱུར། ང་ཚོའི་ཁོངས་གཏོགས་ཁུལ་དུ་དབང་བོ་སྐྱོན་ཅན་མང་པོ་ཞིག་ཡོད་ལ། ཁོ་ཚོའི་ཁྱིམ་ཚང་རེ་རེའི་གནས་ཚུལ་མི་འདྲ་བས་ང་ཚོ་ཁྱིམ་ཚང་དུ་སོང་ནས་རྒྱུས་ལོན་གསལ་བོ་བྱས་ན་མ་གཏོགས་ཁོ་ཚོར་ཅི་ཞིག་མཁོ་བ་ཤེས་མི་ཐུབ་པ་རེད།
དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཁག་ཁོང་དུ་ཆུད་པའི་ལི་ཀུའེ་མའེ་ཡིས་ཐབས་ལམ་མང་པོར་བརྒྱུད་དེ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་རང་འགུལ་ངང་འགྲོ་འདུག་སྟབས་མི་བདེ་བའི་དབང་པོ་སྐྱོན་ཅན་མང་ཚོགས་ལ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཚབ་སྒྲུབ་དང་ཁ་གསབ་རེ་ཞུ་སོགས་ཀྱི་ལས་སྒོ་སྤེལ་ནས། མང་ཚོགས་འགྲོ་སྐྱོད་ཀྱི་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་པས། དམངས་ཕན་སྲིད་ཇུས་ཐད་ཀར་ལོངས་སྤྱོད་ཐུབ་པ་དང་ཕན་འབྲས་ཐོན་པར་བྱས་ཡོད།
བཅར་འདྲི། ཁྲི་ཀ་རྫོང་གནའ་མཁར་སྡེ་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཙི་ཆན་གྱིས་བཤད་རྒྱུར། མང་ཚོགས་དཀའ་ངལ་ལ་འཕྲད་ཚེ་ཁོ་མོར་བཙལ་ཆོག་པ་དང་། ཁོ་མོས་ནམ་ཡང་གཡོལ་ཐབས་བྱ་མི་སྲིད། དུས་ཐོག་ཏུ་བྱེད་ཐབས་བཀོལ་ནས་དཀའ་ཁག་ཐག་གཅོད་བྱེད་བཞིན་ཡོད། ཁོ་མོའི་སྐུལ་ཁྲིད་འོག་ང་ཚོའི་སྡེ་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཇེ་ལེགས་ནས་ཇེ་ལེགས་ཡིན་ལ། ཁོ་མོ་ཡང་ང་ཚོ་ཚང་མས་སློབ་སྦྱོང་བྱེད་སའི་མིག་དཔེའང་ཡིན་ཟེར།
དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ཐབས་ལམ་ལེགས་བཅོས་དང་དམངས་ལ་ཞབས་འདེགས་ཞུ་ཆེད། ལི་ཀུའེ་མའེ་ཡིས་སྣེ་ཁྲིད་དེ་གཅེས་སེམས་འབྲེལ་གཏུག་བྱང་བུ་བཟོས་ནས་སྡེ་ཁུལ་གྱི་ལས་བྱེད་པ་དང་། དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་ལས་བྱེད་པ། དང་བླངས་པའི་འབྲེལ་གཏུག་བྱེད་སྟངས་བཅས་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་ཁྱིམ་ཚང་ཡོངས་ལ་ཁྱབ་པར་བྱས་ཏེ། དམིགས་བསལ་ཚོགས་སྤྱི་གནད་དོན་ལ་འཕྲད་སྐབས་མི་འཚོལ་རོགས་བྱེད་པ་དང་དཀའ་ངལ་སེལ་རོགས་བཅས་ཀྱི་འགན་ལེན་བྱས་པ་རེད།
ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་གནའ་མཁར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའམ་ཀྲུའུ་རེན་ལི་ཀུའེ་མེའེ་ཡིས་བཤད་རྒྱུར། དབང་པོ་སྐྱོན་ཅན་ནི་སེམས་ཁུར་བྱེད་ས་དང་རོགས་སྐྱོར་བྱེད་སའི་ཚོགས་སྤྱི་དམིགས་བསལ་ཅན་ཞིག་ཡིན། སྡེ་ཁུལ་གྱི་ལས་བྱེད་པ་དང་དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་བྱ་བའི་མི་སྣ་ཞིག་ཡིན་པའི་ངོས་ནས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་པ་དང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་ནི་ངས་བསྒྲུབ་འོས་པའི་བྱ་བ་ཞིག་རེད་ཟེར།
མང་ཚོགས་ལ་འཚམས་འདྲི་བྱེད་པ་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། སྒྲིག་བཀོད་སྒྱུར་བཀོད་ནས་དང་བླངས་ཞབས་ཞུའི་བར་ལི་ཀུའེ་མེའེ་ཡིས་ཉིན་རེ་བཞིན་རང་གི་ལས་གནས་བརྟན་སྲུང་བྱས་ཏེ། ཏང་གི་དྲོད་ཁོལ་དེ་དབང་པོ་སྐྱོན་ཅན་མང་ཚོགས་ཁྲོད་བསྐྱལ་བས།གཞི་རིམ་གྱི་ལས་བྱེད་པ་ཁྲི་སྟོང་མང་པོས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་དེ་བས་དྲོ་སྐྱིད་དང་རེ་བས་ཁེངས་པར་བྱས་ཡོད།