གནད་བསྡུས། 详情

ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

2026-07-08 08:19:07 来源: 作者:པདྨ་རྡོ་རྗེ། 编辑:བུ་མོ་མཆོག

ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཉེན་ཁ་ལས་སྐྱོབ་པ་དང་རྨས་མ་སྐྱོབ་བཅོས། མང་ཚོགས་བདེ་འགོད་བཅས་ལ་རྩ་འཛུགས་གང་ནུས་བྱས་ཏེ། གནོད་འགོག་གནོད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ལེགས་པར་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁག་ཐེག་བྱེད་དགོས། ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ། ཀོང་ཞི་དང་ཧུའུ་པེ། ཀན་སུའུ་སོགས་སུ་ཆར་ཞོད་དང་རླུང་འཚུབ་ཆེན་པོ་བྱུང་སྟེ། བསྟུད་མར་ཆུ་རགས་ཤོར་བ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བྱུང་བས། མི་ལ་རྨས་སྐྱོན་དང་དཔལ་འབྱོར་ལ་གྱོད་གུད་བཟོས། ཉེན་ཁ་ལས་སྐྱོབ་པ་དང་རྨས་མ་སྐྱོབ་བཅོས། མང་ཚོགས་བདེ་འགོད་སོགས་ཀྱི་བྱ་བར་རྩ་འཛུགས་གང་ནུས་བྱས་ཏེ། མི་སྣའི་རྨས་སྐྱོན་དང་རྗེས་བྱུང་གནོད་འཚེ་འགོག་ཅི་ཐུབ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་འབྲུབ་འགོག་གི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་གཏན་ཁེལ་བྱས་པའི་བཀོད་སྒྲིག་བྱེད་ཐབས་དག་དོན་འཁྱོལ་བྱེད་པ་དམ་འཛིན་དང་། སྦྲིད་འཐོམ་གྱི་བསམ་བློ་དང་སྟབས་འགྲིག་གི་སེམས་ཁམས་མཐའ་གཅིག་ཏུ་གཙང་སེལ། གནོད་འགོག་གནོད་སྐྱོབ་ཀྱི་འགན་འཁྲི་ནན་འགེལ་བྱེད་པ། གཙང་བོ་དང་མཚེའུ། ཉེན་ཁ་ཅན་གྱི་ཆུ་མཛོད། ས་གཤིས་གནོད་འཚེ་འབྱུང་སླ་བའི་གནས་སོགས་ཀྱི་ཉེན་ཁ་ཅི་ཡོད་དག་སེལ་བྱེད་པ། སྔོན་བརྡའི་ལྟ་སྐུལ་ཚད་ལེན་དང་འཕྲལ་བསྟུན་རོགས་སྐྱོར་གྱི་གྲ་སྒྲིག་ལ་ཤུགས་སྣོན་པ། གནོད་འགོག་གནོད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་པར་སྒྲུབ་པ་བཅས་ཀྱིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། ཉེ་དུས་གནམ་གཤིས་ངན་པ་མང་དུ་བྱུང་བས། རྒྱལ་ཁབ་གནོད་འགོག་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་གནོད་འགོག་གནོད་སྐྱོབ་གཞུང་སྒྲུབ་ཁང་གིས་ས་གནས་སོ་སོས་ཆར་ཞོད་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་པར་མཛུབ་སྟོན་བྱས་ཏེ། ཉེན་ཁའི་གནས་ཚུལ་ལ་ལྟ་སྐུལ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ཉེན་ཁ་ལས་སྐྱོབ་པའི་བྱ་བ་གང་ནུས་ཀྱིས་སྤེལ་བ། གནོད་འཚེའི་ཉེན་ཁ་ཅི་ཡོད་གཏིང་ཟབ་ཀྱིས་སྔོག་བཤེར་བྱེད་པ། འབྲུབ་འགོག་གནོད་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་བྱེད་པ་བཅས་ཀྱིས། རྗེས་བྱུང་གནོད་འཚེ་ཚབས་ཆེན་འབྱུང་བ་སྔོན་འགོག་བྱེད་དགོས། །

热门新闻

热门图库

热门排行