གནས་ཚུལ། 详情

དབང་བོ་སྐྱོན་ཅན་གྱི་ན་གཞོན་རྡོ་རྗེ་དོན་གྲུབ་ཀྱི་ལས་གཏོད་ལམ་བུ།

དབང་བོ་སྐྱོན་ཅན་ཡིན་ཡང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད།  མི་ཚེའི་དཀའ་སྡུག་མང་པོ་བརྒྱུད་ཀྱང་སྔར་བཞིན་ཕུགས་འདུན་གྱི་ཆེད་དུ་མདུན་དུ་བསྐྱོད་བཞིན་ཡོད། གུང་ཧོ་རྫོང་དུ་དབང་བོ་སྐྱོན་ཅན་གྱི་ལས་གཏོད་མཁན་ཞིག་ཡོད་པ་དེས་ལས་དབང་ལ་མགོ་བོ་མི་སྒུར་བར་སེམས་ཤུགས་བརྟན་པོར་བརྟེན་ནས་ལག་རྩལ་རང་སྦྱོང་དང་རང་བརྟེན་ལས་གཏོད་བྱས་པ་དང་།  ཁ་དན་ཚིག་གནས་དང་བརྟན་པོའི་ཞབས་ཞུར་བརྟེན་ནས་ལས་གཏོད་བྱས་ཤིང་།  ཁོང་གིས་བསམ་པ་བཟང་པོ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བ།  རང་ཚུགས་རང་འབད་ཀྱི་མི་ཚེའི་རྣམ་འགྱུར་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱིས་དཔའ་ངར་ཆེན་པོས་འབད་འཐབ་དང་དྲོ་སྐྱིད་དགེ་སྒྲུབ་ཀྱི་མི་སེམས་འགུལ་བའི་གྲུབ་འབྲས་བླངས་ཡོད།   

གློག་ཀླད་མདུན་དུ་ལས་ལ་བྲེལ་བཞིན་པའི་ན་གཞོན་འདི་ནི་རྡོ་རྗེ་དོན་གྲུབ་ཡིན་ལ།  2018ལོར་སློབ་མཐར་ཕྱིན་རྗེས་ལས་ཀ་འཚོལ་བའི་བརྒྱུད་རིམ་ཁྲོད་ཁོས་ཕམ་ཁ་གང་མང་མྱངས་ཤིང་། རང་དགར་སྡོད་འདོད་མེད་པ་དང་མི་གཞན་ལ་བརྟེན་མི་འདོད་པའི་ཁོ་རང་གིས2022ལོར་རང་བརྟེན་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པར་བརྟེན་ནས་རང་ཚུགས་རང་འབད་མངོན་འགྱུར་བྱུང་ཡོད།

གུང་ཧོ་རྫོང་གི་ན་གཞོན་ལས་གཏོད་པ་རྡོ་རྗེ་དོན་གྲུབ་ཀྱིས་བཤད་རྒྱུར།2018ལོར་སློབ་མཐར་ཕྱིན་རྗེས་ལག་རྩལ་མེད་ལ་ལུས་པོའང་སྟབས་བདེ་པོ་མེད་སྟབས་ལས་ཀ་བཙལ་ནས་གང་སར་ཕམ་ཁ་མྱངས་ཤིང་།  ས་ཆ་མང་པོར་སོང་རུང་དགོས་མཁན་མེད་པར་གྱུར། 2022ལོར་དཀའ་ངལ་ཡོད་ཚད་ལ་གདོང་གཏད་དེ་རང་ཉིད་ཀྱིས་ལས་གཏོད་བྱེད་མགོ་ཚུགས་ཏེ་དྲ་རྒྱའི་ཀུང་ཟི་ཞིག་བཙུགས་པ་དང་།  གློག་རྡུལ་སྒྲིག་ཆས་ཞིག་གསོ་དང་བརྗེ་གསོར་བྱས་པ་ཡིན་ལ། དང་ཐོག་ཅི་ཡང་མི་ཤེས་པས་རང་ཉིད་ཀྱིས་སློབ་སྦྱོང་བྱས་པ་དང་།  ཉིན་དཀར་ལས་ཀ་ལས་པ་དང་དགོང་མོ་དཔེ་ཆར་བལྟ་བ།  དྲ་ཐོག་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ནས་རིམ་བཞིན་རང་ཉིད་ལ་ཡར་རྒྱས་བྱུང་ཡོད་ཟེར།

རྣམ་འགྱུར་ལེགས་པོ་དང་ནན་ཏན་ཞིབ་ཚགས་ཀྱི་ཞབས་ཞུར་བརྟེན་ནས་ཁོའི་ལས་སྒོར་མཐའ་འཁོར་གྱི་མང་ཚོགས་དང་ལས་ཁུངས་ཀྱིས་རིམ་བཞིན་ཁས་ལེན་ཐོབ་པ་དང་རྒྱུན་དུ་མཐའ་འཁོར་གྱི་སློབ་གྲྭ་དང་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་ལ་བསྐྱར་དཔར་འཕྲུལ་ཆས་ཞིག་གསོ་དང་སྣག་ཚ་བརྗེ་བ།  དྲ་སྐུད་སྙོམས་སྒྲིག་ཚོད་ལྟ་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་པས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་གི་དགེ་རྒན་བྱམས་པ་ཚེ་རིང་གིས་བཤད་རྒྱུར།ངས་རྡོ་རྗེ་དོན་གྲུབ་ངོ་ཤེས་ནས་ལོ་གཅིག་ལྷག་ཙམ་འགོར་ཞིང་།ཁོ་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་རུང་འབད་འཐབ་ཀྱི་སྙིང་སྟོབས་ཆེན་པོ་ལྡན།ལོ་གཅིག་ཙམ་གྱི་རིང་ལ་ཁོ་དུས་རྒྱུན་ང་ཚོའི་སློབ་གྲྭར་ཡོང་ནས་གཞུང་སྒྲུབ་ཁང་གི་བསྐྱར་དཔར་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཞིག་གསོའི་བྱ་བ་སོ་སོ་བསྒྲུབ་པར་ཧ་ཅང་ཞིབ་ཚགས་ཡིན།ཁོའི་ཞབས་ཞུ་ལེགས་པོས་ང་ཚོ་དགེ་རྒན་དག་གི་སློབ་ཁྲིད་བྱ་བར་སྟབས་བདེ་བསྐྲུན་ཞིང་།ཚང་མས་ཁོ་ལ་ཁས་ལེན་དང་གདེང་འཇོག་ཚད་མེད་བྱེད་བཞིན་ཡོད།ཁོ་ནི་གཤིས་རྒྱུད་བཟང་ཞིང་བྱ་བ་ནན་ཏན་གྱིས་བསྒྲུབ་པའི་མི་ཞིག་ཡིན་པས།གཞན་ལ་རོགས་རམ་བྱེད་པ་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་འདི་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་རེ་བ་ཡོད་ཟེར།

རང་རྐྱ་རང་འཕེལ་ཡོང་བ་དང་ཆབས་ཅིག་ཏུ་ཁོས་དུས་དང་རྣམ་པ་ཀུན་ཏུ་བརྩེ་སེམས་ཆེན་པོ་བཅངས་ནས་སྤྱི་ཕན་ལས་དོན་བསྒྲུབ་བཞིན་ཡོད་པ་དང་།ལོ་ངོ་མང་པོའི་རིང་ལ་ཁོ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་བྱ་འགུལ་སྣ་ཚོགས་ཁྲོད་དུ་ཞུགས་ནས།ས་གནས་མང་པོའི་ཕན་བདེ་གླིང་དུ་བྱམས་བརྩེའི་འཚམས་འདྲིའི་བྱ་འགུལ་སྤེལ་ཏེ།རང་གི་ནུས་པ་ཆུང་ཆུང་ལ་བརྟེན་ནས་སྤྱི་ཚོགས་ལ་དྲོད་ཁོལ་སྦྱིན་པ་རེད།

གུང་ཧོ་རྫོང་གི་ན་གཞོན་ལས་གཏོད་ནཔ་རྡོ་རྗེ་དོན་གྲུབ་ཀྱིས་བཤད་རྒྱུར།རང་ཉིད་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པས།ངས་ཁོ་ཚོའི་སེམས་ཀྱི་དཀའ་སྡུག་ཤེས་ཐུབ།ངས་ཁོ་ཚོར་དབང་བོ་སྐྱོན་ཅན་དུ་གྱུར་རུང་རང་ཉིད་ལ་ཡིད་ཆེས་ཀྱི་སྤོབས་པ་དང་ཕུགས་འདུན་ཡོད་དགོས་ཞེས་བཤད་པ་ཡིན། ངའི་དེ་རིང་གི་གྲུབ་འབྲས་འདི་ནི་ཕམ་ཁར་མི་སྐྲག་པའི་སྙིང་སྟོབས་ལས་བྱུང་བ་ཡིན་ལ།རང་གིས་འབད་བརྩོན་བྱས་ན།ང་ཚོ་དབང་བོ་སྐྱོན་ཅན་ཡིན་རུང་མཚར་སྡུག་གི་མི་ཚེ་ཞིག་རོལ་ཐུབ་ཟེར།

དཀའ་ངལ་ལ་འཕྲད་ཚེ་མགོ་མི་སྒུར།ཕུགས་འདུན་གྱི་ཆེད་དུ་བློ་མི་ཕམ།  དབང་སྐྱོན་ན་གཞོན་དཀྱུས་མ་འདིས་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དབང་གི་འཆིང་རྒྱ་ལས་གྲོལ་བ་དང་།ལྷག་བསམ་གྱི་ཞབས་ཞུ་ལ་བརྟེན་ནས་བསྟོད་པའི་ཁས་ལེན་ཐོབ་ཡོད། ཁོའི་བརྩེ་སེམས་དང་རང་རྐྱ་རང་འཕེལ་གྱི་རྣམ་པས་དུས་རབས་གསར་པའི་དབང་བོ་སྐྱོན་ཅན་གྱི་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས་མངོན་ཡོད།།

热门新闻

热门图库

热门排行