མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་འགོག་སྲུང་བརྟན་པོར་བཏང་བ།
རང་ཚགས་པར་གྱི་འཕྲིན། བྱེ་རྡུལ་ཡལ་ནས་རྩྭ་རྩི་ཤིང་རྒྱས་ཏེ་མཐོ་སྒང་གི་བྱེ་བཅོས་བྱ་བར་རྣམ་པ་གསར་པ་ཞིག་མངོན་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། བྱེ་འགོག་བྱེ་བཅོས་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བ་སོ་སོར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྔོན་ཆད་བྱེ་རླུང་འཚུབ་བའི་བྱེ་ཐང་དེ་རིམ་བཞིན་གཙང་བོའི་མགོ་ཁུངས་སྲུང་བའི་ལྗང་མདོག་གི་སྲུང་ཡོལ་ཞིག་ཏུ་འགྱུར་བཞིན་ཡོད།
གུང་ཧོ་རྫོང་ས་གྲུ་བཞིའི་བྱེ་བཅོས་ལོ་རྒྱུས་འགྲེམ་སྟོན་ཁང་གི་སྣུམ་ཚོན་རི་མོ་རེ་རེས་ས་གྲུ་བཞི་ཤང་གི་བྱེ་ཐང་ཆེན་མོ་ནས་སྔོ་ལྗང་གིས་ཁེབས་པའི་བར་གྱི་སྐྱེ་ཁམས་འཕོ་འགྱུར་ཆེན་པོ་དེ་ཟིན་ཐོར་གསལ་བོར་བཀོད་ཡོད་ལ། དེ་ནི་མཚོ་ལྷོ་ཁུལ་གྱིས་ལོ་ངོ་བཅུ་ཕྲག་ཅིག་གི་རིང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་བྱེ་འགོག་བྱེ་བཅོས་དང་། སྐྱེ་ཁམས་ཉམས་གསོ་བྱས་པའི་མཚོན་རྟགས་ཤིག་ཀྱང་རེད།
མཚོ་སྔོན་ཞིང་ཆེན་གྱི་ཐེངས་དྲུག་པའི་ཐང་རྒོད་ཅན་དང་ས་གཤིས་བྱེ་འགྱུར་གྱི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ལྟར་ན། མཚོ་ལྷོ་ཁུལ་དུ་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་བསྡོམས་པས་མུའུ་ཁྲི542.47ཡོད་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ཡོངས་ཀྱི3%དང་། ཁུལ་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི8.3%བཅས་ཟིན་ཡོད། བྱང་གསུམ་བཟོ་སྐྲུན་གྱི་བྱ་བ་མགོ་བརྩམས་པའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་འཐབ་ཇུས་ལ་གཞི་ཚུགས་ཏེ། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མ་ལག་ལ་གཅིག་གྱུར་སྐུལ་འདེད་བཏང་ཞིང་། མུ་མཐུད་དུ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱས་ནས། ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བསྐྲུན་ཏེ། ཁུལ་ཡོངས་ཀྱིས་བཅོས་སྐྱོང་གི་ལས་འགན་བསྡོམས་པས་མུའུ་ཁྲི2356.3ལེགས་འགྲུབ་བྱུང་བ་ལས། བྱེ་འགྱུར་ས་ཁུལ་མུའུ་ཁྲི187.24ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། བྱེ་འགྱུར་མིན་པའི་ས་ཁུལ་མུའུ་ཁྲི206.75ལ་བཅོས་སྐྱོང་བྱས། རི་རྒྱ་ནགས་གསོ་མུའུ་ཁྲི137.86ལེགས་འགྲུབ་བྱུང་ཞིང་། མུའུ་ཁྲི1824.45ཡི་གྲུབ་འབྲས་སྲ་བརྟན་དུ་བཏང་།
གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་དུ་བྱེ་འགྱུར་བཅོས་སྐྱོང་བྱ་བར་དཀའ་ཚེགས་ཤིན་ཏུ་ཆེ་བ་དང་། སྐྱེ་ཁམས་ཉམས་གསོའི་དུས་ཡུན་རིང་བ་སོགས་ཀྱི་དངོས་ཡོད་ཀྱི་དཀའ་ཁག་ལ་དམིགས་ནས། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་བཀོད་སྒྲིག་ལ་གཞི་བཙུགས་ཏེ། བྱང་གསུམ་བཟོ་སྐྲུན་ལ་བརྟེན་ནས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། མ་ལག་བཅོས་སྐྱོང་། གནད་འཁེལ་ཉམས་གསོ་བཅས་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྱེ་འགྱུར་ས་ཁུལ་བཅོས་སྐྱོང་དང་རི་རྒྱ་ནགས་གསོ། སྐྱེ་ཁམས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་སོ་སོར་སྐུལ་འདེད་བཏང་། བྱེ་འགོག་བཟོ་སྐྲུན་དང་སྔོ་ཁེབས་སླར་གསོ། བཀག་སྡོམ་དོ་དམ་སྲུང་སྐྱོང་བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་སྣ་མང་ཁྱབ་གདལ་དུ་བཏང་བ་བརྒྱུད་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཏང་ཞིང་། གུང་ཧོའི་གཤོང་ས་དང་ཀོས་ནན་མུ་གེ་ཐང་སོགས་བྱེ་ཁུལ་གཙོ་བོའི་བྱེ་འབུར་བཀག་སྡོམ་བྱེད་ཐུབ་པ་བྱུང་ནས། ས་ཁོངས་ཀྱི་ཆུ་མགོའི་གསོ་སྐྱོང་ནུས་པ་དང་སྐྱེ་ཁམས་ཐེག་ནུས་མུ་མཐུད་དུ་མཐོར་འདེགས་སུ་སོང་ཡོད། ཁུལ་ཡོངས་ཀྱི་ས་ཁུལ་བྱེ་འགྱུར་ཅན་དུ་འགྲོ་བའི་རྣམ་པ་དེ་ཕྱོགས་ཡོངས་ནས་བཀག་འགོག་བྱས་པ་ནས་ད་ལྟའི་བར་དུ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་མོ་ཆགས་ཏེ། རི་ཆུ་སྔོན་མོའི་སྐྱེ་ཁམས་ཀྱི་ཁ་དོག་སྔར་ལས་མཛེས་པར་གྱུར་ནས། ཁུལ་ཡོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏང་ཡོད་པ་རེད།།