སྲིད་དོན། 详情

ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་རུ་བྱ་བར་འབྲེལ་མཐུད་བྱས་ཏེ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ།

 ཟླ7པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་རུ་སོང་ནས་བྱ་བར་འབྲེལ་མཐུད་དང་བཞུགས་མོལ་བརྗེ་རེས་བྱས་ནས། མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་སྟེ། སྲིད་གཞུང་དང་ཁེ་ལས་བར་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་མུ་མཐུད་དུ་སྐུལ་འདེད་བྱས།

ཞུང་ཡོན་ལའེ་ཡིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་དུས་ཡུན་རིང་པོར་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་དང་། མ་ལག་ཆ་ཚང་བའི་ནུས་ཁུངས་རྟེན་གཞིའི་གློག་དྲའི་འཛུགས་སྐྲུན་ལ་སྐུལ་འདེད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་སུ་གཏན་འཇགས་ངང་གློག་སྤྱོད་པར་འགན་ལེན་བཅས་བྱས་པར་བཀའ་དྲིན་ཞུས། ཁོས་གློག་ཤུགས་ལ་བརྟེན་ནས་མཚོ་ལྷོ་འཕེལ་རྒྱས་དང་སྟོབས་ལྡན་དུ་གྱུར་ཡོད་ཅིང་། དུས་ཡུན་རིང་པོར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་དང་མཉམ་ལས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ནུས་ཁུངས་གསར་པའི་ཕྱིར་སྐྱེལ་ལམ་བུའི་འཛུགས་སྐྲུན་དང་། གྲོང་གསེབ་གློག་འདོན་འགན་སྲུང་སོགས་ཀྱི་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ནས། ཁུལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏང་ཡོད་པས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་ཐེངས་འདིའི་གན་རྒྱ་འཇོག་པ་གོ་སྐབས་སུ་བཟུང་ནས། མཚོ་ལྷོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ། ནུས་ཁུངས་གཙང་མ་ཕྱིར་སྐྱེལ་དང་ལྗང་གློག་ཚོང་འགུག་དངུལ་འདྲེན། ལྗང་མདོག་ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད་པ། གཞི་རིམ་འབྲོག་ཁུལ་གྱི་དམངས་ཕན་གློག་འདོན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་སུ། ཁུལ་དུ་སྡོད་པའི་ཡན་ལག་ཀུང་ཟིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རང་འགུལ་ངང་ཅན་བཅུའི་ཏང་འཛུགས་བྱ་བའི་ཁྲོད་ཞུགས་ཏེ། གཉིས་འབྲེལ་མཉམ་འཛུགས་གཏིང་ཟབ་ཏུ་བཏང་སྟེ། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱ་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ཏུང་ཧྲི་ཀྲང་ངམ་ཏང་ཨུའི་ཧྲུའུ་ཅི་ལུའུ་མིན་ཧུའེ་ཡིས་ཞུང་ཡོན་ལའེ་དང་དོན་གྲུབ་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་ལྷོ་ཁུལ་གྱི་གློག་དྲའི་དངུལ་གཏོང་འཛུགས་སྐྲུན་གྱི་ཕན་འབྲས་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ས་ཁོངས་གློག་དྲའི་སྤྱི་ཡོངས་འཆར་འགོད་དང་འཕེལ་རྒྱས་བསམ་ཕྱོགས་ངོ་སྤྲོད་མདོར་བསྡུས་གནང་། ཁོས་ཕྱོགས་གཉིས་ཀྱིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་དམ་པོར་དམིགས་ཏེ། ས་གནས་དང་ཁེ་ལས་དབར་གྱི་མཉམ་ལས་གཏིང་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་ཀྱི་ཐོན་ལས་དང་དམངས་འཚོའི་འཕེལ་རྒྱས་ཀྱི་དགོས་མཁོར་གནད་འཁེལ་གྱིས་འབྲེལ་མཐུད་བྱས་ཏེ། གཙོ་གནད་གློག་དྲའི་ལས་གྲྭའི་འཛུགས་སྐྲུན་ལ་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་གཞི་རིམ་འབྲོག་ཁུལ་གྱི་གློག་མཁོ་འདོན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྔར་ལས་ལེགས་པོའི་གློག་ཤུགས་འགན་ལེན་ལ་བརྟེན་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ་ཏེ། མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་སྔོན་ལ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ཅང་ཏུང་མེའི་བྱ་འགུལ་ལ་ཞུགས།།


热门新闻

热门图库

热门排行