མཚོ་ལྷོ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་དང་དཔེ་ཀློག་གི་བརྗོད་དོན་བྱ་འགུལ་སྤེལ་བ།
ཟླ7པའི་ཚེས2ཉིན། མཚོ་ལྷོ་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཅང་སུའུ་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། རང་སྟོབས་རང་སྤེལ་གྱིས་ཏང་གི་རྗེས་སུ་འབྲངས། བློ་སེམས་གཅིག་མཐུན་གྱིས་རྒྱང་བསྐྱོད་ལམ་བུ་བརྩོན་ཞེས་པའི་བརྗོད་དོན་གྱི་ཕྲེང་བསྟར་བྱ་འགུལ་དང་། གསར་བརྗེའི་དཔེ་ཀློག་དང་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་སྔ་གཞུག་ཏུ་སྤེལ་ཏེ། རྒྱུན་པར་གར་སྟེགས་འགྲིམ་པའི་གོ་སྐབས་ཉུང་བའི་དམིགས་བསལ་གྱི་མི་ཚོགས་དག་ལ་གར་སྟེགས་བསྐྲུན་པ་དང་། དཔེ་ཀློག་ལ་བརྟེན་ནས་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་འཛིན་པ་དང་། རིག་རྩལ་ལ་བརྟེན་ནས་བརྩེ་བ་ཟབ་མོས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་པ་རེད།
ཉིན་དེའི་ཕྱི་དྲོར། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་དངོས་སུ་མགོ་བརྩམས་པ་རེད། འཁྲབ་སྟོན་ཡོངས་ལ་ཁྱོན་བསྡོམས་ལེ་ཚན14ཡོད་པ་དང་། ཁུལ་ཡོངས་ཀྱི་རྫོང་ལྔ་དང་ཁུལ་རིམ་པའི་ཁམས་གསོ་ལས་ཁུངས། དམིགས་བསལ་སློབ་གྲྭ་བཅས་ཀྱི་དབང་པོ་སྐྱོན་ཅན་རིག་རྩལ་ལ་དགའ་མཁན་ཡོངས་གར་སྟེགས་ལས་རང་རང་གི་ཁྱད་ཆོས་དང་རྩལ་ནུས་ངོམ་པ་རེད།
ཞིན་ཧེ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལག་བརྡའི་ཞབས་བྲོ་བྱིས་བློ་ཏང་ལ་ཕྱོགས་པ་ཞེས་པ་འཁྲབ་སྟོན་བྱས་ཤིང་། སོར་མོའི་བར་ནས་གཞོན་ནུ་ཚོའི་ཏང་ལ་དགའ་ཞེན་ཆེ་བའི་བརྩེ་བ་རྣལ་མ་དེ་མཚོན་པ་དང་། ཐུན་ཏེ་རྫོང་གིས་ལྷད་མེད་ཀྱི་བརྩེ་བ་ཞེས་པ་དཀྲོལ་བ་དང་ཡང་བསྐྱར་ཏང་ལ་བསྟོད་གླུ་ལེན་ཞེས་པའི་དབྱངས་རྟ་ངག་ལ་གྱེར། ཁྲི་ཀ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཁྲབ་སྟོན་ལ་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། གསེར་ཆེན་བསྟོད་གླུ་ཞེས་པའི་མགྲིན་དབྱངས་དང་སཱ་ཁུ་ཟི་ཡི་གསར་བརྗེའི་བསྟོད་གླུ། ཆེས་སྙན་པའི་གླུ་དབྱངས་ཨ་མར་འབུལ་ཞེས་པ་བཅས་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ཤིང་། རོལ་ཆས་ཀྱི་སྒྲ་གདངས་སྙན་ལ་གླུ་སྐད་ལ་བརྩེ་བ་ཟབ་མོ་ལྡན་པ་སོགས་ཀྱི་སྣ་མང་འཁྲབ་སྟོན་ལས་ཁོ་ཚོས་མ་འོངས་འཚོ་བར་བཅངས་བའི་དགའ་ཞེན་དང་ཏང་གི་དྲིན་ལན་དྲན་པའི་ལྷག་བསམ་རྣལ་མ་དེ་མངོན་ཡོད་པར་མ་ཟད། དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་འབད་བརྩོན་ལྷོད་མེད་དང་སྤྲོ་སེམས་རབ་འཕེལ་གྱི་བསམ་པའི་སྙིང་སྟོབས་ཀྱང་མངོན་པར་བྱས་ཡོད། གྲ་སྒྲིག་གང་ལེགས་བྱས་པའི་འཁྲབ་ཚན་རེ་རེ་ལས་དབང་པོ་སྐྱོན་ཅན་རྣམས་ཀྱིས་མི་ཚེ་ལ་བཟུང་བའི་ལྟ་བ་ཡང་དག་དེ་མངོན་ཡོད་པས། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
འཁྲབ་སྟོན་སྐབས་སུ་བརྙན་ཡོལ་ཆེན་པོའི་སྟེང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དྲིལ་སྒྲོག་བརྙན་ཐུང་དང་དབང་པོ་སྐྱོན་ཅན་གྱི་རང་སྟོབས་རང་སྤེལ་གྱི་སེམས་ཤུགས་སྐྱེད་པའི་བརྙན་ཐུང་བསྟན་ཞིང་། དངོས་ཡོད་འཚོ་བའི་རྣམ་པས་ལྟད་མོ་བ་མང་པོ་ཞིག་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག ། གར་སྟེགས་ཀྱི་ཟུར་ཞིག་ཏུ་ཆེད་ལས་དཔྱད་འདེམས་པས་ལེ་ཚན་གྱི་བརྗོད་དོན་ལ་མཐུན་ཚད་དང་གར་སྟེགས་སྟེང་གི་འཁྲབ་སྟོན་ཉམས་འགྱུར་སོགས་གཞིར་བཟུང་སྟེ་རེ་རེ་བཞིན་སྐར་འབྲས་བརྒྱབ་པ་དང་། བྱ་འགུལ་གྱི་མཇུག་ཏུ་གཙོ་སྒྲུབ་ལས་ཁུངས་ཀྱིས་འཁྲབ་སྟོན་པ་རེ་རེར་གཟི་བརྗིད་དཔང་ཡིག་སྤྲད་དེ། བྱ་དགའི་དཔང་ཡིག་དེ་དག་ལས་ཁོ་ཚོའི་དཀའ་སྤྱད་འབད་བརྩོན་དང་འཁྲབ་སྟོན་གྱི་ཉམས་འགྱུར་ལ་ཁས་ལེན་གང་ལེགས་ཐོབ་ཡོད་པ་ཤེས་ཐུབ།།