གནད་བསྡུས། 详情

དོན་གྲུབ་ཀྱིས་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་བྱས།

ཟླ6པའི་ཚེས29ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་གནང་བར་ཕྱིན་ནས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་གཏིང་ཟབ་བྱས་ཏེ།  བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་།  མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་བྱས་ཏེ།  དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་བཀོད་གཏོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།  དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བྱ་གཞག་ཁག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

དོན་གྲུབ་ཁྲི་ཀ་རྫོང་སུམ་པ་དམངས་སྲོལ་རིག་གནས་ཡུལ་སྐོར་སྡེ་བ་དང་ཁྲི་ཀའི་གནའ་མཁར་དུ་ཕྱིན་ནས་ཐོན་ཁུངས་བེད་སྤྱོད་དང་སྤུས་རྟགས་གཏོད་པ།  ཐོན་ལས་ཇུས་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་།  ཁོས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བཀོད་པ་ཚན་རིག་དང་མཐུན་པར་འཆར་འགོད་བྱ་རྒྱུ་དང་།  ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསོ་སྐྱོང་དང་ཕུན་སུམ་ཚོགས་སུ་གཏོང་བ།  བེད་མེད་དུ་ལུས་པའི་སྤུས་ལེགས་རྒྱུ་ནོར་བེད་སྤྱོད་ཐུབ་པར་བྱེད་པ། མཐའ་འཁོར་གྱི་ཞབས་ཞུ་གང་མགྱོགས་སྒོས་འཐུས་སྒོ་ཚང་དུ་བཏང་ནས་རྫོང་ཁོངས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་འགུག་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

 རྨ་སྲིབ་གྲོང་བརྡལ་ཀྲང་ཅ་ཀོའུ་སྡེ་བའི་ཉེན་གཡོལ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་དོན་གྲུབ་ཀྱིས་ས་གཤིས་གནོད་འཚེ་ཡི་འགོག་བཅོས་ལས་དོན་སྤེལ་བའི་གནས་ཚུལ་ལ་གསན་པར་མ་ཟད།  ཁུལ་ཡོངས་ཀྱི་མིག་སྔའི་འབྲུབ་འགོག་གནོད་སེལ་དང་དེ་མིན་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་བླང་བྱ་བཏོན་ཞིང་།  ཁོས་སྔོན་འགོག་གཙོ་བོར་འཛིན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་ཁག་བགོས་ཀྱིས་གནས་སྤོ་བཀོད་སྒྲིག་དང་ཅན་བཅུའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས།  མང་ཚོགས་ཀྱིས་ལྟ་ཞིབ་ཚད་ལེན་དང་མང་ཚོགས་ཀྱིས་སྔོན་འགོག་བྱེད་པ་དང་།  འབོད་བརྡ་གཏོང་བ་དོན་འཁྱོལ་ནན་མོ་བྱེད་པ། དངོས་ཟོག་གྲབས་གསོག་དང་དྲིལ་བསྒྲགས་ཁྲིད་སྟོན།  འཕྲལ་བསྟུན་ལས་རེས་བཅས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཤིང་། ལེ་ལེ་གཏེར་ལས་གཙོ་གནད་དུ་བྱས་པའི་ཉེན་ཁའི་བྱུར་རྐྱེན་སྣ་ཚོགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་།  ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་དང་རྡུང་རྡེག་ཚ་ནན་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

རྫོང་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་སའི་ཆེད་དོན་བཅོས་སྐྱོང་དང་གྲང་ཚལ་ཐོན་ལས་འཕེལ་རྒྱས། རོང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་བསྒྱུར་མཐོར་འདེགས་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས། དོན་གྲུབ་ཀྱིས་སྤུས་ཚད་མཐོ་བ་དང་ལས་ཆོད་མཐོ་བའི་སྒོ་ནས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། གནད་དོན་བཅོས་སྐྱོང་ལ་དམ་འཛིན་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་མུ་མཐུད་དུ་བརྟན་པོར་བཏང་ནས། ཞིང་ལས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་དགོས། ཚོང་རའི་དགོས་མཁོ་དང་བསྟུན་ནས་སྔོ་ཚལ་ཚོང་རར་འགྲེམ་པར་སྐུལ་འདེད་བྱས་ཏེ། གྲང་ཚལ་སོགས་ཁྱད་ལྡན་ཐོན་ལས་མུ་མཐུད་དུ་གསོ་སྐྱོང་བྱས་ནས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཆུ་མགོའི་སྲུང་སྐྱོང་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ལས་གཞིའི་འཕེལ་རིམ་ཇེ་མགྱོགས་དང་ཆུའི་སྤུས་ཀའི་ལྟ་ཞིབ་ཚད་ལེན་བྱ་བ་ལེགས་པོར་སྒྲུབ་སྟེ། རོང་འབྲོག་མང་ཚོགས་ལ་ཆུ་གཙང་མ་འཐུང་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

སྣེའུ་སྣ་དང་ལ་ཟེ་བའི་ཆུ་གློག་ས་ཚིགས་ཀྱི་ལྟེ་བའི་ཚོད་འཛིན་ཁང་དུ། དོན་གྲུབ་ཀྱིས་ཆུ་མཛོད་ཀྱི་བཀོད་གཏོང་དང་འཕྲུལ་ཆས་འཁོར་སྐྱོད་ཀྱི་སྐབས་ཐོག་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་གནོད་སེལ་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས་ཏེ། ཁེ་ལས་ཀྱིས་གཉིས་འབྲེལ་མཉམ་འཛུགས་སྤེལ་བའི་གནས་ཚུལ་ཞིབ་མོར་དྲིས། ཁོས་མུ་མཐུད་དུ་ཆུ་གློག་ས་ཚིགས་ཀྱི་བདག་གཉེར་དོ་དམ་ནུས་པ་མཐོར་འདེགས་སུ་བཏང་སྟེ། འཕྲུལ་ཆས་ཀྱིས་ཐེག་ཚད་ལྟར་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱས་ནས། བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་འབད་པ་བྱ་དགོས། ཆུ་གློག་ས་ཚིགས་ཀྱིས་ཆུ་ཕུད་པའི་བདེ་འཇགས་ཀྱི་སྔོན་བརྡའི་དོ་དམ་ལག་བསྟར་ནན་མོ་བྱས་ཏེ། ཆུའི་གནས་ཚུལ་ཀྱི་ལྟ་ཞིབ་ཚད་ལེན་དང་། དུས་རྒྱུན་གྱི་འཁོར་སྐྱོད་དོ་དམ། བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།

     ཁུལ་གྱི་མགོ་ཁྲིད་ཁྲེ་ཞང་ཞན་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行