རྒྱལ་ནང་། 详情

མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུ་བ་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པར་དྲན་གསོ་ཞུ་བ་དང་། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། གསར་བརྗེའི་སྙིང་སྟོབས་དང་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལག་ལེན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས26ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུ་བ་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ་རེད། 

   ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་དང་། བོད་ལྗོངས་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་དང་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས། ཀྲུང་གོའི་དུས་དེབ་མཐུན་ཚོགས། དེ་བཞིན་བོད་ལྗོངས་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ཆེད་མཁས་པ་དང་མཁས་དབང། ཕུལ་བྱུང་དཔྱད་རྩོམ་གྱི་རྩོམ་པ་པོའི་འཐུས་མི་སོགས་མི60ལྷག་མཉམ་དུ་འཛོམས་ནས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་མཉམ་དུ་གླེང་བ་དང་རྒྱུན་འཛིན་གྱི་ཐབས་ལམ་མཉམ་དུ་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།

པར་འདི་ནི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

   བགྲོ་གླེང་ཚོགས་འདུ་བཞེད་དོན་གཏམ་བཤད་དང་ཡན་ལག་གླེང་སྟེགས་ཟུང་འབྲེལ་གྱི་རྣམ་པའི་འཚོགས་ཤིང་། བཞེད་དོན་གཏམ་བཤད་ཐོག་ཆེད་མཁས་པས་ཞིབ་འཇུག་གི་ལྟ་ཕྱོགས་མི་འདྲ་བར་གཞི་ཚུགས་ནས། མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་ནང་གནས་གཏན་ཚིགས་དང་། གསར་བརྗེའི་སྙིང་སྟོབས་མང་ཚོགས་ཅན་དུ་ཁྱབ་སྤེལ་གཏོང་བའི་ཤུགས་རྒྱག་སའི་ཁ་ཕྱོགས་དང་མངོན་འགྱུར་ཐབས་ལམ་ཁ་གསལ་བྱ་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཞིབ་འཇུག་ལྟ་བ་མཉམ་སྤྱོད་བྱས། བགྲོ་གླེང་ཚོགས་འདུའི་ཐོག“མཁའ་ལམ་གྱིས་བླ་སྲོག་གཏོད་པ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཀྱི་གོ་དོན་ཁུངས་འདེད་དང་རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ”དང་། “མུ་མཐུད་གཅིག་རྒྱུད་གཅིག་འཛིན། དུས་རབས་གསར་པའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་ལག་ལེན་དར་སྤེལ”ཞེས་པའི་ཡན་ལག་གླེང་སྟེགས་ཆེན་པོ་གཉིས་བཀོད་སྒྲིག་བྱས་ནས་ཆེད་དོན་སྤེལ་རེས་བྱས་ཤིང་།  ཚོགས་ཞུགས་ཆེད་མཁས་པས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཁུངས་འདེད་འཆད་འགྲེལ་དང་། རིགས་པའི་གཞུང་ལུགས་ཀྱི་གོ་དོན། དུས་རབས་ཀྱི་རིན་ཐང་བཅས་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་གྲོས་བསྡུར་བྱས་ཏེ། སྙིང་སྟོབས་ཀྱི་གྲུབ་ཆགས་པའི་གོ་རིམ་དང་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་གསེད་བཀྲོལ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཁྲོད་ཀྱི་མཚོ་བོད་ལྕགས་ལམ་གྱི་གོ་གནས་གལ་ཆེན་སྔར་ལས་སྲ་བརྟན་དུ་བཏང་།  

   ཚོགས་ཞུགས་འཐུས་མིས་དུས་རབས་གསར་པའི་འགན་འཁྲི་ལས་འགན་ལ་གཞི་ཚུགས་ཏེ། བསམ་བློ་ཆབ་སྲིད་ཀྱིས་མི་སྐྱོང་བ་དང་གླེང་ཕྱོགས་དྲིལ་སྒྲོག གཞི་རིམ་བཅོས་སྐྱོང་། མཐའ་མཚམས་འཛུགས་སྐྲུན་སོགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་་སོ་སོའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གསར་གཏོད་བྱེད་ཐབས་དང་ལག་ལེན་གྲུབ་འབྲས་སྤེལ་རེས་བྱས་ནས། སྤུས་ཚད་མཐོ་བ་དང་དོན་འཁྱོལ་ཐུབ་པའི་ཞིབ་འཇུག་གི་ཐུན་མོང་ལྟ་བ་སྐོར་ཞིག་གྲུབ་ཡོད།

པར་འདི་ནི་ཚང་མས་མཉམ་དུ་རྒྱལ་གླུ་ལེན་པའི་རྣམ་པ་རེད།

   རང་སྐྱོང་ལྗོངས་ཏང་ཨུ་དྲིལ་སྒྲོག་པུའུ་དང་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་མགོ་འཛུགས་ས་གསར་པར་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་མུ་མཐུད་མཐོ་རུ་གཏོང་བ་དང་། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རིག་གཞུང་ཅན་ལ་འཆད་འགྲེལ། མ་ལག་ཅན་གྱི་ཞིབ་འཇུག སྤྱི་དམངས་ཅན་གྱི་ཁྱབ་སྤེལ་བཅས་ལ་དམིགས་ཏེ་མཚོན་རྟགས་རང་བཞིན་གྱི་རིག་གཞུང་གྲུབ་འབྲས་སྐོར་ཞིག་བཏོད་དེ་གངས་ལྗོངས་ཀྱི་གསར་བརྗེའི་སྙིང་སྟོབས་ཞིབ་འཇུག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བརྟན་ལྷིང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་དོན་ཆེན་བཞི་དང“གསར་གཏོད་བཞིའི”འབད་འཐབ་དམིགས་ཚད་ལ་དམ་པོར་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་གསར་བརྗེའི་སྙིང་སྟོབས་ཀྱི་སྟོབས་ཤུགས་དེ་བོད་ལྗོངས་འཕེལ་རྒྱས་བཅོས་སྐྱོང་གི་ཕན་འབྲས་དངོས་སུ་སྒྱུར་བར་སྐུལ་འདེད་གཏོང་བ། ས་ཁོངས་བརྒལ་བའི་མཉམ་ལས་མཉམ་འགུལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། བོད་ལྗོངས་ཀྱི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་དཔུང་སྡེ་ཆེ་རུ་བཏང་ནས་གངས་ལྗོངས་མཐོ་སྒང་གི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བཤད།

པར་འདི་ནི་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་ཚོགས་ཞུགས་མི་སྣས་མཉམ་པར་བསྐྱོན་པའི་རྣམ་པ་རེད།

   ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག རྒྱལ་ཡོངས་ལ་ཕྱོགས་ནས་རིག་གཞུང་དཔྱད་རྩོམ200ལྷག་བསྡུ་རུབ་བྱས་པ་དང་ཞིབ་དཔྱད་གདམ་གསེས་ནན་མོ་བྱས་པ་བརྒྱུད། ཕུལ་བྱུང་དཔྱད་རྩོམ30ལྷག་ལེགས་འདེམས་བྱས་ནས་དེབ་ཏུ་ཕྱོགས་བསྒྲིགས་བྱས། ཚོགས་འདུའི་ཐོག་རྒྱལ་ཡོངས་རིམ་པའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་རྣམ་ཅན་གྱི་ཞིབ་འཇུག་སྤེལ་རེས་སྟེགས་བུ་བཏོད་དེ་བོད་ལྗོངས་དང་། མཚོ་སྔོན། དེ་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་གསར་བརྗེའི་རིག་གནས་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པར་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞབས་འདེགས་མཐུན་རྐྱེན་སྦྱོར་དགོས། ། 


热门新闻

热门图库

热门排行