ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ནོར་སྲིད་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《ཞིང་ཁྱིམ་དཔེ་ཁང་བཅོས་སྒྱུར་དང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་དཔེ་ཀློག་འགུལ་སྐྱོད་ལ་སྐུལ་སྤེལ་གཏོང་བའི་ཇུས་གཞི》དཔར་འགྲེམ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ནོར་སྲིད་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་སྒོས《ཞིང་ཁྱིམ་དཔེ་ཁང་བཅོས་སྒྱུར་དང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་དཔེ་ཀློག་འགུལ་སྐྱོད་ལ་སྐུལ་སྤེལ་གཏོང་བའི་ཇུས་གཞི》དཔར་འགྲེམ་བྱས།
ཇུས་གཞིའི་ནང་།《དམངས་ཡོངས་ཀྱིས་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ཁྱིམ་དཔེ་ཁང་སོགས་གྲོང་གསེབ་ཀྱི་དཔེ་ཀློག་སྒྲིག་བཀོད་སྣ་ཚོགས་གསོན་སྒྱུར་ཏན་ཏིག་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་དཔེ་ཀློག་སྤྲོ་སྣང་སྐྱེད་སྲིང་དང་། ཞིང་པ་མང་ཚོགས་ཀྱི་གཞི་རྩའི་དཔེ་ཀློག་དགོས་མཁོ་སྐོང་བ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་དང་དཔེ་ཀློག་གི་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་རམ་བཅས་བྱེད་དགོས་པ་གསལ་བོར་བཟོས་ཡོད།
ཇུས་གཞིའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རིགས་དབྱེ་དོ་དམ་དང་། ཧེ་བག་ལྡན་པའི་མ་དངུལ་གཏོང་བ། འགུལ་རྣམ་ལེགས་སྒྲིག ཕན་ནུས་སྔོན་ལ་འཇོག་པ་བཅས་ཀྱི་བྱ་བའི་རྩ་དོན་གཞིར་བཟུང་། “ཞིང་ཁྱིམ”གྱི་ངེས་གནས་ལ་གཞི་བཙུགས་ནས། “དཔེ་དེབ”ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། “དཔེ་ཁང”གི་ནུས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། “དཔེ་ཀློག”གི་རྣམ་པ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཀྱི་མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་འཚམ་པ་དང་། ཞིང་པ་མང་ཚོགས་ཀྱི་དཔེ་ཀློག་དགོས་མཁོ་སྐོང་ཐུབ་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པ་བཅས་ཀྱི་གྲོང་གསེབ་ཀྱི་དཔེ་ཀློག་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པར་བསྟན་ཡོད།
ཇུས་གཞིས་ཡུལ་བབ་དང་བསྟུན་ནས་བཀོད་སྒྲིག་གི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། དགོས་མཁོར་དམིགས་ཏེ་ནང་དོན་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། རྣམ་པ་གསར་གཏོད་བྱས་ནས་དཔེ་ཀློག་གི་དར་སྲོལ་སྐྱེད་སྲིང་བྱེད་པ། ལམ་སྲོལ་འཐུས་ཚང་དུ་བཏང་ནས་འདེགས་སྐྱོར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་གཙོ་གནད་ལས་འགན་བཏོན་ཞིང་། “དཔེ་ཁང+”ལ་ནུས་པ་སྤྲོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “+དཔེ་ཁང”གི་མཉམ་འདྲེས་ལ་སྟབས་བསྟུན་སྐུལ་འདེད་གཏོང་དགོས་པ་དང་། གྲངས་གཞིའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཞུགས་རྒྱུར་སྐུལ་མ་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་ཡག་པོ་གཏོང་བ་བཅས་བྱས་ཏེ། ཞིང་ཁྱིམ་དཔེ་ཁང་གི་ནུས་པ་འཐུས་ཚང་དུ་གཏོང་བ་དང་གྲོང་གསེབ་ཀྱི་དཔེ་ཀློག་ཞབས་ཞུའི་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ་རེད།
ཇུས་གཞིའི་ནང་། ས་གནས་ཁག་གི་དྲིལ་སྒྲོག་དང་། ནོར་སྲིད། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་པ། བྱ་བའི་ཕན་འབྲས་འབུར་དུ་དོད་པ། བཤིག་འཛུགས་ཆེན་པོ་མི་བྱེད་པ། “གཅིག་དཔེ་བརྒྱ་འགེབས”མི་བྱེད་པ། “གཞོང་ལྗོངས”མི་བཟོ་བ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །