སྐབས་ཉེར་ལྔ་བའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་ལམ་ཐིག་གཏན་འཁེལ་བྱས་པ།
ཟླ6པའི་ཚེས29ཉིན། 2026ལོའི་སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་འགྲན་བསྡུར་གྱི་ལམ་ཐིག་ཁྱབ་བསྒྲགས་བྱས་པ་དང་། སྤྱིའི་ལམ་ཐག་ལ་སྤྱི་ལེ1627ཡོད་ལ། དེའི་ཁྲོད་དུ་འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ1355ཡོད་པ་དང་། གནས་བརྗེའི་ལམ་ཐག་ལ་སྤྱི་ལེ255ཡོད་པ། གཟི་བརྗིད་ངོམས་པའི་ལམ་ཐག་ལ་སྤྱི་ལེ17ཡོད་པ་དང་། སྤྱི་ལེ200ལས་བརྒལ་བའི་འགྲན་བསྡུར་ལམ་ཐིག2ཡོད་པ་རེད།
དེའི་ཁྲོད། འགྲན་རིམ་དང་པོ་ནི་ཟི་ལིང་གི་གྲོང་སྐོར་འགྲན་བསྡུར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ121ཡོད་པ་དང་། འགྲན་རིམ་གཉིས་པ་ནི་སྟོང་སྐོར་ནས་མིན་ཡོན་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ225ཡོད། འགྲན་རིམ་གསུམ་པ་ནི་མིན་ཡོན་ནས་ཧུའུ་ཀྲོའུ་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ168ཡོད། འགྲན་རིམ་བཞི་བ་ནི་ཧུའུ་ཀྲོའུ་ནས་ཁྲི་ཀའི་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ196ཡོད། འགྲན་རིམ་ལྔ་བ་ནི་ཁྲི་ཀ་ནས་གུང་ཧོའི་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ136ཡོད། འགྲན་རིམ་དྲུག་པ་ནི་གུང་ཧོ་ནས་རྐང་ཚའི་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ233ཡོད། འགྲན་རིམ་བདུན་པ་ནི་རྐང་ཚ་ནས་ནུབ་མཚོ་གྲོང་བརྡལ་གྱི་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ130ཡོད། འགྲན་རིམ་བརྒྱད་པ་ནི་ནུབ་མཚོ་གྲོང་བརྡལ་ནས་མཚོ་སྔོན་པོ་ལྗོངས་ཁུལ་བར་ཡིན་ལ། སྤྱིའི་ལམ་ཐག་ལ་སྤྱི་ལེ146ཡོད།
མིག་སྔར། འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་ལེགས་འགྲུབ་འབྱུང་ལ་ཉེ་ཞིང་། འགྲན་བསྡུར་རྩ་འཛུགས་དང་བདེ་འཇགས་འགན་སྲུང་། སྨན་བཅོས་མྱུར་སྐྱོབ། འགྲིམ་འགྲུལ་ལམ་སྟོན། དང་བླངས་ཞབས་ཞུ། དྲིལ་སྒྲོག་འོས་སྦྱོར་སོགས་གནད་འགག་གི་གོ་རིམ་ཞིབ་ཚགས་སྒོས་དོན་འཁྱོལ་བྱེད་བཞིན་ཡོད་པས། ལུས་རྩལ་གྱི་དགྱེས་སྟོན་ཆེན་མོ་ཞིག་བདེ་བླག་ངང་སྤེལ་བར་བརྩོན་ལེན་བྱེད་བཞིན་ཡོད།