སྲིད་དོན། 详情

རང་ཁུལ་གྱིས་མཐོ་སྒང་རྐང་གྲུག་འགྲན་བསྡུར་ལ་བརྟེན་ནས་རིག་གནས་ལུས་རྩལ་མཉམ་འདྲེས་ཀྱི་རྣམ་པ་གསར་བ་བཏོད་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས28ཉིན། སྐབས་གསུམ་པའི་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་འགྲན་བསྡུར་གྱི་རེས་སྐོར་ལྔ་པའི་མཚོ་ལྷོ་ཁུལ་གྱི་ཁྲི་ཀའི་ཆེད་དོན་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ། མཚོ་ལྷོ་ལུང་གཡང་རུ་ཁག་དང་ཡུས་ཧྲུའུ་གཡང་ནོར་རུ་ཁག་གཉིས་ཀྱིས་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར་མཚོ་ལྷོ་ལུང་དབྱང་རུ་ཁག0བསྡུར2ཀྱི་འགྲན་འབྲས་ལས་འགྲན་ཕམ་བྱུང་།

2f83116efa7c6ffd2f8800f2e6a996b7.jpg

ཐེངས་འདིའི་འགྲན་བསྡུར་གྱིས་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོ། དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་ཅེས་པ་བརྗོད་དོན་དུ་བཟུང་སྟེ། ཆེད་ལས་རྐང་གྲུག་འགྲན་བསྡུར་དང་ཁྲི་ཀའི་ཤུལ་བཞག་རིག་གནས་ཏེ་དམངས་སྲོལ་རིག་རྩལ་འགྲེམས་སྟོན་མཉམ་འདྲེས་གསར་གཏོད་བྱས་ནས། འགྲན་རྩོད་དང་རིག་གནས། ཐོན་ལས་བཅས་གཞི་གཅིག་ཅན་གྱི་མཐོ་སྒང་གི་རིག་རྩལ་དགྱེས་སྟོན་ཆེན་མོ་ཞིག་རིགས་སོ་སོའི་མང་ཚོགས་ཀྱི་མིག་སྔར་བཤམས། ཕྱི་དྲོའི་ཆུ་ཚོད2ཀྱི་སྟེང་རིག་རྩལ་འཁྲབ་སྟོན་གྱི་མགོ་བརྩམས་ཤིང་། སྲོལ་རྒྱུན་དམངས་སྲོལ་དང་རྐང་གྲུག་འགྲན་བསྡུར་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་སྲང་གཞུག་རྩེད་རིག་དེ་ཤུལ་བཞག་རྒྱན་གོས་དང་ཟུང་འབྲེལ་བྱས་ཏེ། ཁྲི་ཀའི་ལོ་ངོ་བཞི་བརྒྱ་ལྷག་གི་བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་དང་བོད་ཀྱི་གཙག་དྲུབ། དངུལ་རྒྱན་སོགས་ལག་ཤེས་བཟོ་རྩལ་ལས་ས་གནས་ཤུལ་བཞག་རིག་གནས་ཀྱི་རྫོང་མཐུག་པོ་དེ་མངོན་པར་བྱས།

འགྲན་བསྡུར་ལས་ཕྱོགས་གཉིས་ཀྱི་རུ་མིས་ཛ་དྲག་གི་འགྲན་རྩོད་བརྒྱུད་ནས་མཐོ་སྒང་ལོ་ཆུང་གཞོན་ནུའི་འགྲན་སྤོབས་དང་ལུས་རྩལ་གྱི་སྙིང་སྟོབས་མངོན་པ་དང་། གྲུག་ཞེན་པ་རྣམས་ཀྱི་དགའ་འབོད་ཁྲོད་འགྲན་བསྡུར་གྱི་རྣམ་པ་དེ་ཡང་བསྐྱར་ཛ་དྲག་གི་ཡང་རྩེར་སོན། འགྲན་སྨད་དུ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མུ་མཐུད་དུ་ལེགས་སྒྲིག་བྱས་ཏེ་འགྲན་རྩོད་ཀྱི་གོ་སྐབས་མང་པོ་བརྩོན་ལེན་བྱས་པས། ཡུལ་དངོས་ཀྱི་ལྟད་མོ་བ་ཡོངས་ལ་འགྲན་བསྡུར་གྱི་ཛ་དྲག་གི་རྣམ་པ་དེ་རོལ་མྱོང་བྱེད་དུ་བཅུག  མཐར་ཡུས་ཧྲུའུ་གཡང་ནོར་རུ་ཁག་གིས2བསྡུར0གི་འགྲན་འབྲས་ལས་འགྲན་རྒྱལ་བྱུང་བ་རེད།

ཐེངས་འདིའི་ཁྲི་ཀའི་ཆེད་དོན་འགྲན་དོན་གྱིས་འགྲན་བསྡུར་ལ་བརྟེན་ནས་རིག་གནས་ལུས་རྩལ་གྱིས་ནུས་པ་འདོན་པ་རྒྱུན་འཁྱོངས་བྱས་ཏེ། རྩལ་ནུས་མངོན་སྟངས་སྣ་གཅིག་ལས་བརྒལ་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་དང་ཁམས་གསོ་བཅས་སྣ་མང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ཅེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་དང་། ལུས་རྩལ་ལ་དགའ་བ། དཔའ་ངར་ཆེར་བསྐྱེད་བཅས་ཀྱི་བསམ་པའི་སྙིང་སྟོབས་མངོན་པ་དང་། ལུས་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ།

ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་ཐེངས་འདིའི་འགྲན་བསྡུར་གྱི་ཕུལ་བྱུང་ལུས་རྩལ་པ་ལིག་ཀུང་ཡོན་གྱིས་བཤད་རྒྱུར། ཐོག་མར་གྲུག་ཞེན་རྣམས་ཡུལ་དངོས་སུ་རྒྱབ་སྐྱོར་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ལ། ཡུས་ཧྲུའུ་ནས་གནས་འདིར་ཆུ་ཚོད12ཀྱི་ལམ་ཐག་ཡོད་པ་རེད། ཐེངས་འདིར་ང་ཚོ་ལུས་རྩལ་པ་དག་གིས་རྡོག་རྩ་གཅིག་སྒྲིལ་དང་གྲུག་ཞེན་པ་དག་གི་རྒྱབ་སྐྱོར་འོག  འགྲན་སྟོད་ཀྱི་འགྲན་བསྡུར་ཁྲོད་འབྲས་བཟང་བླངས་པ་དང་། འགྲན་སྨད་དུ་རྩལ་ཁྲིད་པས་མི་སྣ་ལེགས་འདེམས་བྱས་པ་བརྒྱུད་ཡང་བསྐྱར་སྤོ་ལོ་གཅིག་བརྫངས་ཏེ་འགྲན་རྒྱལ་ཡོང་བར་རྨང་གཞི་བརྟན་པོ་བཏིངས་བ་རེད། དེ་མིན་ང་ཚོར་གོ་སྐབས་མང་པོ་བྱུང་ཡང་དམ་འཛིན་བྱེད་མ་ཐུབ་པས་ཕྱིར་ལོག་རྗེས་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱེད་དགོས་པ་རེད་ཟེར།

གྲུག་ཞེན་པ་མེ་ཏོག་གིས་བཤད་རྒྱུར། ཚང་མོ་བདེ་མོ། ང་ནི་ཡུས་ཧྲུའུ་གཡང་ནོར་རུ་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཐེངས་འདིར་མཚོ་ལྷོར་ཡོང་ནས་ང་ཚོའི་རུ་ཁག་ལ་ཤུགས་རྒྱག་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཡོད། ང་ཚོའི་རུ་ཁག་གིས2བསྡུར0གི་འགྲན་འབྲས་བླངས་ཏེ་འགྲན་རྒྱལ་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེ་མིན་མཚོ་ལྷོས་ང་ཚོར་ཆུ་སོགས་དངོས་པོ་བྱིན་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

c1a3080e3c2c7e568882205ed5b63b72.jpg


热门新闻

热门图库

热门排行