མཚོ་ལྷོ་ཡིས་འཕྲལ་བསྟུན་དངོས་ཟོག་སྔོན་སྒྲུབ་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས24ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲལ་བསྟུན་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། ཉིན་ཤས་བསྟུད་མར་མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་འཕྲལ་བསྟུན་དངོས་ཟོག་སྔོན་སྒྲུབ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། གནོད་འགོག་གེགས་སེལ་གནོད་སྐྱོབ་གྱི་འཕྲལ་བསྟུན་གྲ་སྒྲིག་གང་ལེགས་བྱས་ཡོད།
“སྔོན་འགོག་དང་ཐག་གཅོད”གཞི་གཅིག་སྐུལ་འདེད་གཏོང་བའི་རྩ་དོན་གཞིར་བཟུང་། “རིམ་དབྱེ་གསོག་འཇོག་དང་། ཐག་ཉེ་སར་འགན་ལེན། མགྱོགས་མྱུར་དང་ལེན”བཅས་ཀྱི་དེང་རབས་ཅན་གྱི་འཕྲལ་བསྟུན་དངོས་ཟོག་འགན་ལེན་མ་ལག་མགྱོགས་མྱུར་བསྐྲུན་ནས་རྫོང་དང་། ཤང་གྲོང་། སྡེ་ཁུལ་ཁག་གི་ས་ཁམས་གནས་ཡུལ་དང་། གནོད་འཚེའི་ཉེན་ཁའི་རིགས། རྒྱུན་སྡོད་མི་འབོར་ཁྱབ་ཚུལ་སོགས་ལྟེ་བའི་རྒྱུ་རྐྱེན་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་གུར་དང་། ལྟེབ་མལ་ཁྲི། བརླན་འགོག་གདན། འཕྲལ་བསྟུན་གློག་སྒྲོན་སོགས་འཕྲལ་བསྟུན་གེགས་སེལ་དངོས་ཟོག་གནད་འཁེལ་ངང་བཀོད་སྒྲིག་བྱས་ཏེ་གནས་སྐབས་བཀོད་སྒྲིག་དང་། ཉེན་སེལ་རོགས་སྐྱོབ། གནས་སྤོ་ཉེན་གཡོལ་སོགས་འགག་རྩའི་རྣམ་པའི་དགོས་མཁོ་སྐོང་དགོས།
མིག་སྔའི་བར་མཚོ་ལྷོ་ཁུལ་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་རྫོང5དང་། གཙོ་གནད་ཤང་གྲོང4། སྡེ་ཁུལ1བཅས་ལ་ཉེན་སེལ་རོགས་སྐྱོབ་དང་དམངས་འཚོའི་རོགས་སྐྱོབ་རིགས་ཀྱི་འཕྲལ་བསྟུན་དངོས་ཟོག་རིགས51དང་གྲངས་འབོར33646བཀོད་སྒྲིག་བྱས་པ་དང་། རྫོང་ལྔའི་འཕྲལ་བསྟུན་དོ་དམ་སྡེ་ཚན་གྱིས་ཤང་གྲོང36གི་གྲོང་ཚོ201དང་སྡེ་ཁུལ4ལ་འཕྲལ་བསྟུན་ཉེན་སེལ་དངོས་ཟོག་རིགས37དང་གྲངས་འབོར27042བཀོད་སྒྲིག་བྱས་ནས། ཉེན་ཁ་ཆེ་བའི་ས་ཁོངས་དང་མི་འབོར་མང་འདུས་ཆེ་བའི་ས་ཁོངས་ཀྱི་འཕྲལ་བསྟུན་གསོག་འཇོག་འགག་སྒོ་མདུན་དུ་སྤོ་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་བརྒྱུད་རིམ་ཧྲིལ་པོའི་དངོས་ཟོག་དོ་དམ་རྩིས་ཐོ་འཐུས་ཚང་དུ་བཏང་ནས་ཁོངས་གཏོགས་ས་ཁུལ་གྱི་ཉར་ཚགས་འགན་འཁྲི་དང་། ཚད་ལྡན་ཅན་གྱི་གསོག་ཉར་བླང་བྱ། ཛ་དྲག་གཏོང་སྤྲོད་ཐག་གཅོད་བརྒྱུད་རིམ་བཅས་ཁ་གསལ་བཟོས་ཏེ། དངོས་ཟོག་གི་གཞི་གྲངས་ཁ་གསལ་དང་། གནས་ཚུལ་གསལ་བ། གཏོང་སྤྲོད་མགྱོགས་པོ་བཅས་ཐུབ་པ་བྱས་ནས་སྔོན་སྒྲུབ་དངོས་ཟོག་ཁག་འགག་རྩའི་དུས་སུ་གཏོང་སྤྲོད་ཐུབ་པ་དང་། བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་གེགས་འགོག་གེགས་སེལ་གྱི་དངོས་འཐབ་འགན་ལེན་ནུས་པ་མཐོར་འདེགས་བྱུང་། །