རྒྱལ་ནང་། 详情

ཞི་ཅིན་ཕིང་གིས་ཧྲན་ཏུང་ཏི་ཀྲོའུ་རུ་རྟོག་ཞིབ་མཛད།

ཟླ6པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད།

   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས24ཉིན་ཧྲན་ཏུང་ཞིང་ཆེན་ཏི་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་སྤུས་ཚད་དང་འབྲེལ་བ་ཡོད་ལ། བྱེད་ཐབས་ཏན་ཏིག་སྤྱད་དེ་བྱ་བ་སོ་སོ་ཡག་པོར་བསྒྲུབ་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དགོས་པ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ལ། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་ལས་ལ་བརྩོན་ཞིང་བློ་གྲོས་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས།

   ཟླ6པའི་ཚེས24ཉིན། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲིན་ཀྲང་ཀྲོའུ་ནའེ་ཞང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཏི་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད།

དབྱར་འདེབས་ཀྱི་སྐབས་སུ། ཞིང་ནང་དུ་ཞིང་ལས་བྲེལ་བ་ཆེ་བའི་རྣམ་པས་ཁེངས། ཚེས24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཏི་ཀྲོའུ་གྲོང་ཁྱེར་ལིན་ཁྲུན་ཆུས་པེན་ལིན་གྲོང་རྡལ་ཤར་ཡུའུ་ཅ་སྡེ་བར་ཕེབས་ནས། ས་གནས་དེའི“དབྱར་གསུམ”ཐོན་སྐྱེད་བྱ་བའི་སྙན་ཞུར་ཉན་ནས། གྲོའི་ཐོན་འབབ་དང་མ་རྨོས་ལོ་ཏོག་འདེབས་འཛུགས། ཞིང་ལས་རྒྱུ་ཆ་མཁོ་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་ཞིང་སའི་ཆུ་ཡུར་དུ་ཕེབས་ནས་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་།  ཞི་ཅིན་ཕིང་གིས་འབྲུ་རིགས་འདེབས་འཛུགས་ཁྱིམ་ཆེན་དང་། ཞིང་ལས་འཕྲུལ་ཆས་སྐོར་མཁན། ཞིང་ལས་ལག་རྩལ་པ་བཅས་དང་བརྩེ་བའི་ངང་བསམ་བློ་བརྗེ་རེས་གནང་། ད་ལོའི་གྲོའི་མུའུ་རེའི་ཐོན་ཚད་ཇེ་མཐོར་སོང་ཡོད་པ་དང་། མ་རྨོས་ལོ་ཏོག་འདེབས་སྐབས་ཞིང་ལས་དུས་ཚོད་འཐུས་ཤོར་མི་འགྲོ་བ་དང་མྱུར་ཚད་མགྱོགས་པོ་ཡོད་པ་ཤེས་རྟོག་བྱུང་བས་ཞི་ཅིན་ཕིང་དགའ་སྣང་ཆེན་པོ་བྱུང་། ཁོང་གིས་ནན་གྱིས་བསྟན་དོན། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བ་འགན་སྲུང་བྱ་རྒྱུ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད། འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས་ལ། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་སོན་རིགས་དང་། ལག་རྩལ། སྒྲིག་ཆས་བཅས་ཧུར་ཐག་གིས་ཁྱབ་གདལ་བཏང་ནས། མུའུ་རེའི་ཐོན་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་གཏོང་དགོས་པ་དང་། ལོ་ཧྲིལ་པོར་འབྲུ་རིགས་ལོ་ལེགས་འབྱུང་བར་བརྩོན་ལེན་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱེད་པ་དང་། ཞིང་ལས་ཐད་ཆུ་གྲོན་ཆུང་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། གནམ་གཤིས་སྔོན་བརྡ་དང་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

   དེའི་རྗེས་སུ་ཞི་ཅིན་ཕིང་ཉེ་འགྲམ་གྱི“རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ”ནུབ་ཡུའུ་ཅ་སྡེ་བར་རྟོག་ཞིབ་མཛད་པར་ཕེབས། ཁོང་སྡེ་བའི་ཏང་གི་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། སྡེ་བའི་ཏང་རྩ་འཛུགས་འཛུགས་སྐྲུན་དང་དམངས་བདེ་ཞབས་ཞུ་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཞིབ་མོ་མཛད་པ་དང་། ས་གནས་དེའི་ཡུག་ཁུལ་ཅན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པ། ཞིང་ཞོར་ཐོན་རྫས་འགྲེམ་སྟོན་ལ་ཡང་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་སྡེ་བའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱ་དགོས་པ་དང་། སྡེ་མི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ། བདེ་སྡོད་དང་། ལས་འཚམ། མཛེས་སྡུག་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པ་བྱེད་དགོས། ཁོང་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། སྡེ་བའི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་སེམས་ཤུགས་དེ་བས་མང་པོ་ཡོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

   སྡེ་མི་ཡུས་ཞིན་ཧུའེ་ཡི་ཁྱིམ་དུ་ཞི་ཅིན་ཕིང་གིས་ཁྱིམ་གྱི་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་དང་། ལས་ཞུགས་ཡོང་འབབ་དང་། རྒན་པའི་བདེ་ཐང་། བྱིས་པའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ལ། ཏང་གི“ཞིང་གསུམ”སྲིད་ཇུས་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད་མེད་ཐད་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ཁྱིམ་མི་ཚང་མ་དང་མཉམ་དུ་གླེང་མོལ་མཛད་པ་དང་།  ཁོང་གིས་བསྟན་དོན། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་མཐར་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གཞུང་ཞབས་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་དམངས་ལ་བརྩེ་སེམས་བཅངས་དགོས་ལ། མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།  

   སྡེ་བར་བྲལ་སྐབས་སྡེ་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས། ཞི་ཅིན་ཕིང་གིས་ཚང་མར“བདུན་གཅིག”སླེབས་ལ་ཉེ་བས། ང་ཚོས་ཏང་གི་ལོ105ཡི་འཁྲུངས་སྐར་བསུ་གྲབས་ཡོད། ལོ་ངོ105ཡི་རིང་ལ་ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་ནས། ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་ཡོད། ད་ལྟ། ང་ཚོ་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད་པས། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོར་བསྐྱོད་དགོས་པ་དང་། དེ་བས་འོད་སྟོང་འཕྲོ་བའི་མ་འོངས་པ་གཏོད་དེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་ཐུབ་པ་བྱེད་དགོས། ཁོང་གིས་ཡུལ་མི་སྤུན་ཟླ་ཚོར་ཏང་གི་འགོ་ཁྲིད་འོག་ཁྱིམ་གཞིས་ཇེ་ཡག་དང་འཚོ་བ་ཇེ་བཟང་དུ་འགྲོ་བའི་སྨོན་འདུན་ཞུས། 

ཧི་ལིས་ཧྥིན་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་མཛད།



热门新闻

热门图库

热门排行