གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་མི་དམངས་སྨན་ཁང་དུ་ཁྲག་བཤེར་ཁང་ཁྱབ་པ།

ཟླ6པའི་ཚེས15ཉིན།  ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་ཁྲག་བཤེར་ཁང་དེ་ཞིང་ཆེན་རིམ་པའི་ཡུལ་དངོས་ཞིབ་བཤེར་རྩིས་ལེན་བྱས་པ་དེ་ལས་མཚོ་ལྷོ་ཁུལ་གྱི་རྫོང་ལྔར་ཚང་མར་ཚད་ལྡན་ཅན་གྱི་ཁྲག་བཤེར་ཁང་བསྐྲུན་པ་དང་ཁུལ་ཡོངས་སུ་རྫོང་ཁོངས་ཀྱི་ཁྲག་བཤེར་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་མཚོན་ཡོད།

དུས་ཡུན་རིང་པོར་ས་རྒྱ་ཆེ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཞབས་ཞུའི་ནུས་པ་ཞན་པ་སོགས་ཀྱི་དབང་གིས་མཚོ་ལྷོ་ཁུལ་གྱི་མཁལ་ནད་ཕོག་པའི་ནད་པར་ས་ཆ་གཞན་དུ་སྨན་བཅོས་བྱེད་དུ་འགྲོ་བར་ལམ་ཐག་རིང་བ་དང་སྨན་བཅོས་ཀྱི་འགྲོ་སོང་ཆེ་བ།  རྒྱུན་མཐུད་སྨན་བཅོས་བྱེད་དཀའ་བ་བཅས་ཀྱི་དཀའ་ཁག་ལ་འཕྲད་ཡོད་པ་དང་།  མང་ཚོགས་ཀྱི་སྨན་བཅོས་དཀའ་ཁག་གནད་ལ་འཁེལ་བའི་སྒོ་ནས་སེལ་ཆེད། མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་དང་ས་བབ་མཐོ་བའི་ནུས་པ་ཆེ་རུ་གཏོང་བའི་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི740སྤྱད་དེ།  སྔ་རྗེས་སུ་ཁུལ་མི་དམངས་སྨན་ཁང་དང་།  ཁྲི་ཀ་དང་ཀོས་ནན།  ཞིན་ཧེ།  ཐུན་ཏེ་བཅས་ས་གནས་བཞིའི་རྫོང་མི་དམངས་སྨན་ཁང་དུ་ཁྲག་བཤེར་ཁང་འཛུགས་སྐྲུན་བྱས་ཏེ།  མཁལ་ནད་ཕོག་པའི་ནད་པ120ལྷག་ཙམ་ལ་ཁྲག་བཤེར་སྨན་བཅོས་བྱས་ནས་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་ཏུ་བཏང་།  

ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཁལ་ནད་རིག་པའི་ཆེད་ལས་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱི་མཛུབ་ཁྲིད་འོག་རྒྱུན་རྣམ་ཅན་གྱི་ཁྲག་བཤེར་ཆེད་ལས་ལག་རྩལ་གསོ་སྦྱོང་དང་སྤུས་ཚད་ཚོད་འཛིན་ལྟ་སྐུལ་མཛུབ་ཁྲིད།  ལས་སྒོའི་རོགས་སྐྱོར་བཅས་བྱས་ཏེ།  སྔ་རྗེས་སུ་སྨན་བཅོས་མི་སྣ90ལྷག་ཙམ་ཁྲག་རྒྱུན་གཙང་བཟོའི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་དཔྱད་ཞིབ་བྱས་པ་དང་འབྲེལ་ཚད་མཐུན་ལག་ཁྱེར་ཡང་ཐོབ་ནས་གཞི་རིམ་སྨན་བཅོས་མི་སྣའི་ནད་བརྟག་སྨན་བཅོས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ཞིང་།  དེ་དང་ཆབས་ཅིག་ཁུལ་རིམ་པའི་སྤུས་ཚད་ཚོད་འཛིན་སྐོར་ཞིབ་དང་རྫོང་ཁོངས་ཀྱི་རྒྱུན་རྣམ་སྐྱེལ་འདྲེན། ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།  སྨན་བཅོས་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་མོར་སྲུང་བ།  ནད་བརྟག་སྨན་བཅོས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ།  ཁྲག་བཤེར་ཁང་འཛུགས་སྐྲུན་ཚད་ལྡན་ཅན་དང་སྒྲིག་ཆས་ཚད་ལྡན་ཅན།  ནད་བརྟག་སྨན་བཅོས་ཆེད་ལས་ཅན།  ཞབས་ཞུ་རྒྱུན་ལྡན་ཅན་བཅས་སུ་འགྱུར་བར་འགན་སྲུང་བྱ་རྒྱུ་རེད།


热门新闻

热门图库

热门排行