ཚལ་རྔ་འགག་གྲོང་བརྡལ་གྱིས་དྲ་ཚོང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད།
ཁུལ་ཡོངས་སུ་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་རྨ་ཆུའི་ཆུ་མཛོད་ཁུལ་གྱི་ཐོན་ཁུངས་དགེ་མཚན་ལ་གཞི་ཚུགས་ཏེ། ས་གནས་རང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་དམིགས་ནས། དྲ་ཚོང་རྩལ་ནུས་མཐོར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྤེལ་བ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་ནང་གྲོང་བརྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཕ་ཡུལ་དུ་ལོག་པའི་ན་གཞོན། ཕྱུག་འགྱུར་སྣེ་ཁྲིད་པ། ཆུ་མཛོད་ཁུལ་གྱི་མང་ཚོགས་བཅས་ཁྱོན་མི60ལྷག་ཞུགས་ནས་གྲངས་འཛིན་ཅན་གྱི་རྩལ་ནུས་ལ་བརྟེན་ནས་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་གི་ལམ་བུ་གསར་པ་བཏོད་དེ། གྲོང་བརྡལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཡོང་འབབ་འཕར་བར་སྒུལ་ཤུགས་འདོན་རྩིས་ཡོད།
ཉེ་ཆར། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་བརྡལ་གྱི་ཡུན་ཚའེ་རི་གྲོང་གསོ་སྦྱོང་རྟེན་གཞིའི་ནང་དྲ་ཚོང་དངོས་སྦྱོང་གི་སློབ་ཁྲིད་རྩ་འཛུགས་བྱས་ཏེ། ས་གནས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དྲ་ཚོང་དགེ་རྒན་ཆེད་དུ་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། གྲོང་གསེབ་ཀྱི་དྲ་ཚོང་འཕེལ་རྒྱས་ཀྱི་མིག་སྔའི་གནས་ཚུལ་དང་ས་གནས་ཀྱི་ཐོན་ལས་ཁྱད་ཆོས་ལ་དམ་པོར་དམིགས་ནས། གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་ཕ་ཡུལ་གྱི་ཐོན་རྫས་བཟང་པོར་བརྟེན་ནས་རྩལ་ནུས་སྦྱོང་བ་དང་ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་པར་ཁྲིད་སྟོན་བྱས་པ་རེད།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་ཆེད་བསྐོས་མཐོ་རིམ་འཆད་ཁྲིད་དགེ་རྒན་ཐང་ཀྲེན་ཧྭ་ཡིས་བཤད་རྒྱུར། ང་ཚོས་ཐེངས་འདིའི་གསོ་སྦྱོང་སྟེང་དངོས་འཐབ་ལག་ལེན་གཙོར་བཟུང་ནས། ཚལ་རྔ་འགག་གྲོང་བརྡལ་གྱི་ཉ་སན་མོན་དང་ལྗོངས་ཁུལ་གྱི་འཛིན་བྱང་འདེམས་པ་མ་ཟད། ད་དུང་ས་གནས་ཀྱི་བྱ་སྒོང་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེམས་ཡོད་པ་དང་། འདི་ལྟ་བུའི་གློག་ཚོང་འཇོན་མི་སྐྱེད་སྲིང་བྱས་པ་བརྒྱུད་ནས། ཁོ་ཚོར་ཕ་ཡུལ་གྱི་ཚབ་བྱེད་དུ་བཅུག་ནས་ང་ཚོའི་ཐོན་རྫས་སྔར་ལས་མང་པོ་རྒྱལ་ཡོངས་སུ་ཕྱིར་འཚོང་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཟེར།
སློབ་ཐུན་སྟེང་ཚན་ཆུང་དྲུག་ཏུ་བགོས་ནས་ཐད་གཏོང་བྱེད་སྟངས་དང་ཚོང་ཁང་བདག་གཉེར། ཐོན་རྫས་ཚོང་སྒྲོམ་སྟེང་དུ་བཤམས་པ་སོགས་ཀྱི་ནང་དོན་ལ་གཞིགས་ནས་གསོ་སྦྱོང་བྱས་པས། ཡུལ་དངོས་སུ་རྣམ་པ་བཟང་པོ་ཞིག་ཆགས་ཏེ་ཚང་མས་དྲ་ཐོག་ཚོང་གཉེར་གྱི་ཤེས་བྱར་རྒྱུས་ལོན་བྱས།
ཚལ་རྔ་འགག་གྲོང་བརྡལ་དེའུ་གསུམ་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཁོངས་མི་ཚའེ་ཉུན་ཆིན་གྱིས་བཤད་རྒྱུར། ཐེངས་འདིའི་གྲོང་བརྡལ་སྲིད་གཞུང་གིས་བསྒྲུབས་པའི་གློག་རྡུལ་རྩལ་ནུས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་བརྙན་ཕབ་དང་སྒྲིག་སྦྱོར། ཐད་གཏོང་ཕྱིར་འཚོང་སོགས་ཀྱི་ཐད་ཤེས་བྱ་མང་པོ་ཞིག་བསླབ་པ་ཡིན། ཕྱིར་ཡུལ་དུ་ལོག་རྗེས་རང་ཉིད་ཀྱིས་ཀྱང་རང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལ་འབད་པ་བྱས་ཏེ་འབབ་འཕར་ལ་ཤུགས་རྒྱག་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཚལ་རྔ་འགག་གྲོང་བརྡལ་གྱིས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཐད་ཀྱི་དགོས་མཁོར་དམིགས་ནས། རྒྱུན་རྣམ་ཅན་གྱིས་རིགས་མི་འདྲ་ཞིང་སྤྱོད་སྒོ་ཆེ་བའི་རྩལ་ནུས་གསོ་སྦྱོང་སྤེལ་ཏེ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་རང་བརྟེན་ལས་གཏོད་ཀྱི་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་སྟེ། ཆུ་མཛོད་ཁུལ་གྱི་མང་ཚོགས་སྔར་བས་མང་པོས་རྩལ་ནུས་ལ་བརྟེན་ནས་ལས་ཞུགས་དང་ལས་གཏོད་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་ཏེ། རྩལ་ནུས་ལ་བརྟེན་ནས་དམངས་ཕྱུག་དང་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་བཏང་།