ཧན་ཀྲིན་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གཞོན་པ་མ་ཧྲ་ཏིས་ལའེ་ལ་ཐུག་འཕྲད་གནང་བ།

ཟླ6པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གཞོན་པ་མ་ཧྲ་ཏིས་ལའེ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གཞོན་པ་མ་ཧྲ་ཏིས་ལའེ་ལ་ཐུག་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ད་ལོའི་ཟླ3པར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་དང་དུ་བླངས་ཏེ། ཁྱེད་དང་མཉམ་དུ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་ཕྱོགས་གཉིས་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་གནང་ནས་གྲུབ་འབྲས་ལེགས་པོ་བླངས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་ཡིད་རྟོན་གཏིང་ཟབ་དང་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ནས། གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་གཉིས་ནི་གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཡིན་པའི་ཆ་ནས། རྒྱལ་སྤྱིའི་མཉམ་ལས་སྔར་བས་དམ་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་དང་འཐུས་ཚང་དུ་གཏོང་བར་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱེད་འོས།
མ་ཧྲ་ཏིས་ལའེ་ཡིས་བསྟན་དོན། ལྷོ་ཨ་ཧྥེ་རི་ཁས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་རྟོན་གཏིང་ཟབ་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཇེ་ཆེར་གཏོང་བ། ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་བརྩོན་བྱེད་བཞིན་ཡོད། ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་ཀྱི་སྒོ་ནས། རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། །