ཞིན་ཧེ་རྫོང་གིས་དམངས་ཚིས་ལས་གཞིར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྣན་པ།
ཆུ་བེད་ནི་དམངས་ཚིས་རྩ་བ་དང་དར་སྤེལ་གྱི་རྨང་གཞི་ཡིན་པས། ཉེ་ཆར། ཞིན་ཧེ་རྫོང་གི་བྱ་ནང་ཆུ་མཛོད་ཀྱི་དམངས་ཚིས་ཆུ་བེད་ལས་གཞི་གཙོ་བོས་མཐོ་སྒང་གི་ཨར་ལས་བྱེད་པའི་དུས་ཚོད་དམ་འཛིན་བྱས་ཏེ། ཨར་ལས་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལས་གཞི་འདིས་ཏང་འཛུགས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྣེ་ཁྲིད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་དཀའ་ངལ་ཐག་བཅད་དེ། བཟོ་སྐྲུན་ལས་གཞི་སོ་སོར་སྐུལ་འདེད་བརྟན་པོ་གཏོང་བ་དང་འབྲོག་ཁུལ་གྱི་ཆུ་བེད་ཀྱི་ཞན་ཆ་གསབ་པ། རྫོང་ཁོངས་ཀྱི་ཆུའི་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཙུགས་ནས། ས་གནས་ཀྱི་དམངས་ཚིས་འགན་སྲུང་དང་ཞིང་ཕྱུགས་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་བཅས་ཀྱི་ཐད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
དབྱར་མགོའི་དུས་སུ། ཞིན་ཧེ་རྫོང་གིས་ལས་གཞིའི་འཛུགས་སྐྲུན་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། བྱ་ནང་ཆུ་མཛོད་ཀྱི་ཨར་ལས་བྱ་ཡུལ་དུ་འཕྲུལ་ཆས་སྣ་ཚོགས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ལས་བཟོ་བས་ལས་བགོས་མཉམ་ལས་དང་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད། བཟོ་སྐྲུན་ཆུང་བ་ཁག་ལ་དུས་མཉམ་དུ་སྐུལ་འདེད་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། བྲེལ་འཚུབ་ཆེ་བའི་འཛུགས་སྐྲུན་གྱི་རྣམ་པ་ཞིག་མངོན་ཡོད། རྫོང་ཁོངས་ཀྱི་དམངས་འཚོའི་ཆུ་བེད་བཟོ་སྐྲུན་གཙོ་བོ་ཞིག་ཡིན་པའི་ཆ་ནས། བྱ་ནང་ཆུ་མཛོད་ཀྱིས་དུས་རབས་གསར་པའི་ཆུ་བེད་བཅོས་སྐྱོང་གི་དགོངས་པ་དང་མང་ཚོགས་ཀྱིས་དཀའ་སྡུག་དང་རེ་སྨོན་བྱེད་པའི་གནད་དོན་ལ་དམིགས་ནས། ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆུའི་འཁོ་འདོན་ལ་འགན་སྲུང་བྱེད་པ། སྤུས་ཚད་མཐོན་པོས་གྲོང་གསེབ་འཕེལ་རྒྱས་བཅས་ལ་རོགས་འདེགས་བྱེད་པའི་འགག་རྩའི་བཟོ་སྐྲུན་ཞིག་ཡིན།
རྒྱུས་ལོན་པ་ལྟར་ན། བྱ་ནང་ཆུ་མཛོད་ནིⅣརིམ་པའི་ཆུ་མཛོད་ཆུང་གྲས(1)ཅན་ཡིན་ལ། སྤྱིའི་ཤོང་ཚད་སྨི་ལྷམ་པ་ཁྲི232.5ཟིན་པ་དང་། ལས་གཞིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.05བཏང་ཞིང་། དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་ཀྱི་མ་དངུལ་སྒོར་དུང་ཕྱུར2.44དང་། ས་གནས་ཀྱི་མ་དངུལ་སྒོར་དུང་ཕྱུར0.61ཟིན་པ་རེད། མིག་སྔར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.13ཐོན་ཡོད་པ་དང་དེ་ནང་གི་སྒོར་དུང་ཕྱུར1.4བཏང་ཟིན་ལ། བརྒྱུད་རིམ་ཧྲིལ་པོའི་མ་དངུལ་གྱི་དོ་དམ་ཚོད་འཛིན་ཚད་ལྡན་ཡིན་ཞིང་སྤྲོད་སྟངས་སྒྲིག་སྲོལ་དང་མཐུན་པས། ལས་གཞི་འདི་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་ཨར་ལས་བྱེད་པར་མ་དངུལ་གྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད།
མཐོ་སྒང་གི་ཨར་ལས་ཁོར་ཡུག་རྙོག་འཛིང་ཡིན་པ་དང་ལས་རིམ་མང་བ། འཛུགས་སྐྲུན་ལ་དཀའ་ཁག་ཆེ་བ་སོགས་ཀྱི་གནད་དོན་སེལ་ཆེད། ཞིན་ཧེ་རྫོང་གིས་ཅན་བཅུའི་ཏང་འཛུགས་བཀོད་སྒྲིག་གཏིང་ཟབ་ཏུ་བཏང་སྟེ། ཏང་འཛུགས་དང་ལས་གཞི་ཟུང་འབྲེལ་བྱེད་པའི་འཛུགས་སྐྲུན་རྣམ་པ་ཁྱབ་གདལ་དུ་བཏང་ནས། ཨར་ལས་བྱ་ཡུལ་དུ་ཏང་ཀྲི་པུའུ་གཞུང་སྒྲུབ་ཁང་བཙུགས་ཏེ། ཏང་ཡོན་གྱི་འགག་སྒྲོལ་གདོང་ལེན་ལས་གནས་བཀོད་སྒྲིག་བྱས་ནས། ཏང་ཡོན་གྱིས་ཨར་ལས་འཛུགས་སྐྲུན་ལ་ནུས་ཤུགས་འདོན་པ་དང་། ཏང་འཛུགས་སྐྱོང་གི་དགེ་མཚན་དེ་ལས་གཞིའི་འཛུགས་སྐྲུན་ཁྲོད་ཀྱི་དངོས་ཡོད་ཀྱི་དགེ་མཚན་དུ་བསྒྱུར་ནས་མཐོ་སྒང་གི་ཆུ་བེད་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད།
ལས་གཞིའི་འགན་འཁུར་བ་པའོ་དབྱིན་ཅོན་གྱིས་བཤད་རྒྱུར། ང་ཚོས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་རྐང་འཛིན་པས་མཐོ་སྒང་ཨར་ལས་ཀྱི་ཡུལ་དངོས་ལ་གཞི་བཙུགས་ནས་ཨར་ལས་ཀྱི་དུས་ཚོད་བརྩོན་ལེན་སྒོས་སྤུས་ཚད་དང་བདེ་འཇགས། འཕེལ་རིམ་བཅས་ལ་དམ་འཛིན་བྱས། མཐོ་སྒང་གི་ཨར་ལས་ཁོར་ཡུག་མི་ལེགས་པའི་གནས་བབ་ལ་གདོང་གཏད་དེ་ཇུས་གཞི་ཇེ་ལེགས་སུ་གཏོང་བ་དང་ལས་རེས་ཞིབ་ཕྲར་བཟོ་བ། འཛུགས་སྐྲུན་ཇེ་མགྱོགས་སྒོས་སྔ་མོ་ནས་བཀོལ་སྤྱོད་ཐུབ་པར་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པ་དང་། མིག་སྔར་རགས་ཀྱི་རྟེན་གཞི་དང་སིམ་འགོག་གྱང་སོགས་བཟོ་སྐྲུན་གཙོ་བོ་ལེགས་འགྲུབ་བྱུང་བ་དང་། རྟིང་གཞིའི་ཨར་ལས་དང་ཆུ་རགས་རྒྱག་པ་སོགས་གཙོ་གནད་ལས་རིམ་ཡོངས་སུ་མཇུག་སྒྲིལ། ཨར་ལས་རུ་ཁག་གིས་ཆུ་གཏོང་ཁུང་བུ་དང་ཆུ་རྒྱས་ཕྱིར་གཏོང་ཁུང་བུའི་ཨར་ལས་འཕྲོ་མར་སྐུལ་འདེད་གང་མགྱོགས་བཏང་བ་དང་། ལས་གཞི་ལེགས་འགྲུབ་བྱུང་རྗེས་ཐང་ནག་ཤང་དང་ཆུ་སྔོན་གྲོང་བརྡལ་གྱི་སྡེ་བ4ཡི་མང་ཚོགས་ཁྲི0.4དང་ཕྱུགས་ཟོག་ཁྲི12.9ཡི་འཐུང་ཆུར་འགན་སྲུང་བྱ་ཐུབ་པར་མ་ཟད། ས་ཞིང་མུའུ8300དང་ནགས་ས་མུའུ200ཡི་ཆུ་འདྲེན་ལའང་ཁག་ཐེག་བྱ་ཐུབ་པས། ཞིང་ཕྱུགས་ས་ཁུལ་གྱི་འཐུང་ཆུ་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་ཐུབ་ཟེར།
འཛུགས་སྐྲུན་འཆར་འགོད་གཞིར་བཟུང་སྟེ། ལོ་ཧྲིལ་པོའི་ལས་གཞིའི་འཆར་འགོད་མ་དངུལ་སྒོར་དུང་ཕྱུར1གཏོང་རྒྱུ་དང་། སྔོན་དཔག་བྱས་ན2027ལོར་ཞིབ་བཤེར་རྩིས་ལེན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཚེ་ཆུ་གསོག་རྒྱུ་རེད། བྱ་ནང་ཆུ་མཛོད་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་ཞིན་ཧེ་རྫོང་གིས་དམངས་ཚིས་བདེ་སྐྱིད་དང་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལག་ལེན་ཞིག་ཡིན་ལ། ལས་གཞི་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱས་རྗེས། རྫོང་ཁོངས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་འགྲོ་བ་དང་། འཐུང་ཆུའི་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ཀྱི་སྲུང་ཡོལ་བརྟན་པོར་བཏང་ནས། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཆུ་བེད་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།