ཐུན་ཏེའི་རྫོང་རུའི་རིག་གནས་རྟེན་མཛོད་ཁང་གི་ལས་གཞི་མཇུག་བསྡུའི་དུས་མཚམས་སུ་སླེབས་པ།
ཉེ་ཆར་ཐུན་ཏེ་རྫོང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ལྟེ་བའི་གཙོ་གནད་ལས་གཞི་སྟེ་རྫོང་རུའི་རིག་གནས་རྟེན་མཛོད་ཁང་གི་ཨར་ལས་བྱ་ཡུལ་དུ་བྲེལ་འཚུབ་ཀྱིས་ཁེངས་ཤིང་། ལས་གཞི་འདི་ནི་ཀྲེ་ཅང་སློབ་ཆེན་བཟོ་བཀོད་ཇུས་འགོད་ཞིབ་འཇུག་གླིང་གིས་འཆར་འགོད་ཇུས་འགོད་དང་ཁྲུང་ཆིན་འཛུགས་སྐྲུན་ཚོགས་པས་འཛུགས་སྐྲུན་གྱི་འགན་འཁུར་ཡོད་ཅིང་། སྤྱིར་བཏང་གི་བཟོ་བཀོད་དང་མི་འདྲ་སྟེ། རྟེན་མཛོད་ཁང་གིས་དྲོད་ཚད་གཏན་འཇགས་དང་ཡོམ་འགོག་འོད་གཡོལ་སོགས་ཀྱི་འཛུགས་སྐྲུན་ཚད་གཞིའི་སྟེང་བླང་བྱ་ནན་མོ་བཏོན་ཡོད། ཨར་ལས་སྡེ་ཁག་གིས་ཚོ་ཆུང་མང་པོས་རེས་མོས་ཀྱིས་ལས་སྒྲུབ་བྱེད་སྟངས་སྤྱད་དེ་མི་མངོན་པའི་བཟོ་སྐྲུན་དང་མཛེས་རྒྱན་མཛེས་བཟོའི་ལས་རིམ་ཚང་མ་ཕྱོགས་བཞིའི་མཉམ་འབྲེལ་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ནས། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་རྫས་བདེ་འཇགས་ཡོང་བར་ཕྱོགས་ཡོངས་ནས་འགན་སྲུང་བྱ་ཐུབ།
ངོ་སྤྲོད་བྱས་པར་གཞིགས་ན།རྫོང་རུའི་རིག་གནས་རྟེན་མཛོད་ཁང་ནི་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ལྟེ་བའི་འགྲེམ་སྟོན་ཁུལ་གྱི་གཙོ་གནད་བཟོ་སྐྲུན་ཞིག་ཡིན་པ་དང་། བཟོ་བཀོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7345.07ཟིན་ལ། རིག་རྫས་མཛོད་ཁང་དང་རིག་རྫས་ཉམས་གསོའི་ཚོད་ལྟ་ཁང་། བརྗོད་བྱ་མང་བའི་འགྲེམ་ཁང་། ཞིབ་འཇུག་སློབ་སྦྱོང་ཉམས་ལེན་ལྟེ་གནས་སོགས་ནུས་པའི་བར་སྟོང་ཆ་ཚང་བསྐྲུན་ཡོད།
རྟེན་མཛོད་ཁང་གིས་རྫོང་རུའི་རིག་གནས་དང་རྨ་ཆུའི་དཔལ་ཡོན་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་དེ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་སྣ་མང་གཞི་གཅིག་གི་འཕེལ་རྒྱས་རྣམ་པ་གསལ་འགྲེལ་བྱེད་པར་དངོས་ཡོད་ཀྱི་དཔང་རྟགས་མཁོ་འདོན་བྱ་ཐུབ།
ཁྲུང་ཆིན་འཛུགས་སྐྲུན་བཟོ་ལས་ཚོགས་པའི་མ་རྐང་ཚད་ཡོད་ཀུང་ཟིའི་ལས་གཞིའི་སྤྱི་གཉེར་བ་གཞོན་པ་ཝེ་སུའུ་ཀྲོའུ་ཡིས་བཤད་རྒྱུར། ཐུན་ཏེ་རྫོང་རྫོང་རུའི་རིག་གནས་རྟེན་མཛོད་ཁང་གི་འཛུགས་སྐྲུན་ལས་གཞིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ15839ཟིན་པ་དང་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7345.07ཟིན་ལ། སྤྱིའི་མ་དངུལ་སྒོར་ཁྲི9000བཏང་ཡོད། མིག་སྔར་ལས་གཞི་དེ་མཇུག་བསྡུའི་དུས་མཚམས་སུ་སླེབས་པ་དང་ཕྱིའི་ཐང་ཆེན་གྱི་རྡོ་ཆས་འདིང་བ་དང་འགྲོ་ལམ་གྱི་སྣུམ་སྙིགས་འདིང་བ་སོགས་ཀྱི་བཟོ་སྐྲུན་དུས་མཉམ་དུ་སྤེལ་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ8པར་དངོས་སུ་སྒོ་ཕྱེ་རྒྱུ་ཡིན་ཟེར།
ཁྲུང་ཆིང་འཛུགས་སྐྲུན་བཟོ་ལས་ཚོགས་པའི་མ་རྐང་ཚད་ཡོད་ཀུང་ཟིའི་ཨར་ལས་འགན་འཁུར་བ་མའོ་ཧྲེང་ཧྥུའུ་ཡིས་བཤད་རྒྱུར། རྫོང་རུ་རིག་གནས་རྟེན་མཛོད་ཁང་ལེགས་འགྲུབ་བྱུང་རྗེས། རིག་དངོས350ལྷག་ཙམ་འགྲེམ་སྟོན་བྱ་འཆར་ཡོད་པ་དང་། དེའི་ནང་རྫ་ཆས་དང་རྡོ་ཆས། རུས་ཆས་བཅས་རིགས་ཆེན་པོ་གསུམ་འདུས་ཤིང་། རྟེན་མཛོད་ཁང་གིས་ཁྱད་ཆོས་མང་པོ་འབུར་དུ་བཏོད་དེ། རྫོང་རུའི་མེས་པོའི་འཚོ་བའི་ཉམས་ལེན་ཁུལ་བསྐྲུན་པ་དང་། དེང་རབས་ཀྱི་གྲངས་འཛིན་ཚན་རྩལ་ལ་བརྟེན་ནས་གནའ་བོའི་འཚོ་བའི་རྣམ་པ་བཞེངས་བསྐྲུན་བྱས་ཏེ་གནའ་དེང་གི་འཚོ་བའི་རྣམ་པ་མཉམ་འདྲེས་ཡོང་བ་བྱེད་པ་དང་། མེས་པོ་ཚོའི་རྒྱུན་ལྡན་སྡོད་གནས་དང་བང་སོའི་རྣམ་པ་བཞེངས་བསྐྲུན་བྱེད་པ། རིག་དངོས་མཐུན་སྦྱོར་མཉམ་འགུལ་རོལ་རྩེད་བཀོད་སྒྲིག་བྱས་ཏེ་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ཆག་གྲུམ་ཤོར་བའི་རིག་དངོས་སླར་གསོ་བྱས་ནས་རིག་དངོས་སྣ་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཆ་ཚང་མངོན་རྒྱུ་རེད།
རྫོང་རུའི་རིག་གནས་རྟེན་མཛོད་ཁང་ལ་རིག་དངོས་ཉར་ཚགས་དང་སྲུང་སྐྱོང་། འགྲེམ་སྟོན་བཅས་ཀྱི་བྱེད་ནུས་ལྡན་པར་མ་ཟད། ད་དུང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ལས་གཞིས་རྫོང་རུའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་དང་ཉེ་འཁོར་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྦྲེལ་ནས་ཆེད་གཏོགས་ཡིག་བཀོད་ལོ་རྒྱུས་མ་བྱུང་གོང་གི་རིག་གནས་ཞིབ་འཇུག་སློབ་སྦྱོང་གི་ལམ་ཕྱོགས་བཏོད་དེ། རང་ས་གནས་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསར་བ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
མིག་སྔར་ལས་གཞིའི་ཁང་པའི་ནང་གི་མཛེས་བཟོ་དང་འགྲེམ་ཁང་གི་བཀོད་སྒྲིག་བྱ་བ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་ཡོད་པ་དང་། རྟེན་མཛོད་འདིར་སྤྱིའི་མ་དངུལ་སྒོར་ཁྲི9000བཏང་བ་དང་། ཚོན་ཁྲའི་རྫ་ཆས་ཇུས་འགོད་གཙོ་ཡིན་པའི་རིག་གནས་ཀྱི་མཚོན་རྟགས་གསར་བ་ཞིག་ཡིན་ལ། དེས་རྫོང་རུའི་གནའ་ཤུལ་ནས་ཐོན་པའི་རྒྱལ་ཁབ་རིམ་པའི་རིག་དངོས་སུམ་བརྒྱ་ལྷག་ཙམ་གཅིག་སྡུད་སྒོས་འགྲེམ་སྟོན་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཡིག་བཀོད་ལོ་རྒྱུས་མ་བྱུང་གོང་གི་དཔལ་ཡོན་ཆེད་དོན་འགྲེམ་སྟོན་གྱི་སྟོང་ཆ་བསྐང་ཐུབ།