ཕཱ་ཁི་སི་ཐན་གྱི་སྲིད་འཛིན་གྱིས་དབྱི་ལང་གི་སྲིད་འཛིན་ལ་ཐུག་འཕྲད་བྱས།
ཕཱ་ཁི་སི་ཐན་གྱི་སྲིད་འཛིན་དྲུང་ཡིག་ཁྲུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏཱ་ལི་ཡིས་ཉིན་དེར་ཕཱ་ཁི་སི་ཐན་གྱི་སྲིད་འཛིན་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་དབྱི་ལང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན། དཔལ་འབྱོར་མཉམ་ལས་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལང་གིས་རང་སྟེང་གི་ཞི་བདེ་དང་གཏན་འཇགས། རྒྱལ་ཁབ་གཅིག་གྱུར། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ཁི་སི་ཐན་གྱིས་ནམ་རྒྱུན་ཕྱོགས་གཅིག་བྱེད་ཐབས་ལ་ངོ་རྒོལ་བྱེད་ཅིང་། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ས་ཁུལ་དང་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱེད་པའི་འདོད་བློ་བཏོན་ཡོད་ལ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་མཚོ་ཁུགས་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱ་ཡིན་ཟེར།
ཀྲ་ཨར་ཏཱ་ལི་ཡིས་དབྱི་ལང་དང་ཨ་མེ་རི་ཁའི་བཟོད་སྒོམ་བརྗེད་ཐོ་བདེ་བླག་ངང་བཀོད་པར་རྟེན་འབྲེལ་ཞུས་པ་དང་། ད་ལྟ་སྤེལ་བཞིན་པའི་ལག་རྩལ་རང་བཞིན་གྱི་གྲོས་མོལ་ལས་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་རེ་བཞིན་ཡོད་ཟེར། ཀྲ་ཨར་ཏཱ་ལི་ཡིས་ད་རུང་དབྱི་ལང་གི་སྔོན་ཆད་ཀྱི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཕཱ་ཁི་སི་ཐན་གྱིས་འཐུས་ཚབ་ཚོགས་པ་མངག་ནས་དུར་འཇུག་ལ་ཞུགས་པའི་ཚུལ་བསྟན།
ཕའེ་ཙེ་ཞི་ཆི་དབྱང་གིས་ཕཱ་ཁི་སི་ཐན་གྱིས་ཞི་བདེ་དང་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པར་བཀའ་དྲིན་ཞུས་པ་དང་། དབྱི་ལང་གིས་ཕཱ་ཁི་སི་ཐན་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ལ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། ས་ཁུལ་ལས་དོན་བཅས་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་དབྱི་སི་ལན་པའོ་ནས་ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་པོ་མུའུ་ནེ་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པའི་ཐད་འབད་འབུངས་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པར་མ་ཟད། ཐུན་མོང་ཁེ་ཕན་ལ་འབྲེལ་བའི་གནད་དོན་ཐད་ནས་གྲོས་བསྡུར་ཟབ་མོ་བྱས་ཏེ། ས་ཁུལ་ཧྲིལ་བོའི་ཞི་བདེ་དང་དར་རྒྱས། གཏན་འཇགས་བཅས་ལ་ལ་སྐུལ་འདེད་གཏོང་བའི་ཐུན་མོང་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།