ལི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཨར་ལི་ལ་ཐུག་འཕྲད་གནང་བ།

ཟླ6པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཏ་ལེན་དུ་ཀྲུང་གོར་ཕེབས་ཏེ2026ལོའི་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཨར་ལི་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཏ་ལེན་དུ་ཀྲུང་གོར་ཕེབས་ཏེ2026ལོའི་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཨར་ལི་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་མོང་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་ཐོབ་ཡོད། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་དུ་བཞག་ནས་མོང་གོལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། རྒྱུན་མཐུད་ངང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ཞི་བདེ་མཉམ་གནས་དང་ཕན་ཚུན་ལྟ་སྐྱོང་། མཉམ་ལས་གཉིས་ཕན་བཅས་ཀྱི་ཀྲུང་གོ་དང་མོང་གོལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིང་ལས་ཐོན་རྫས་ཉོ་ཚོང་དང་། རྡོ་སོལ་གཏེར་རྫས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་། གྲངས་འཛིན་དཔལ་འབྱོར། མིས་ཐབས་རིག་ནུས་སོགས་ལས་རིགས་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་འགག་སྒོ་དང་ལྕགས་ལམ་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་ངང་གློད་གྲོལ་གཏོང་བཞིན་ཡོད་པས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་ནང་འདྲེན་འགྲེམས་ཚོགས་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས། ཀྲུང་གོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་དང་དེ་ལས་མང་བའི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། མོང་གོལ་ཕྱོགས་ཀྱིས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་དེ། མོང་གོལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཡིན་པས། ངེས་པར་དུ་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུའུ་ཞི་ཞིི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལག་ལེན་བསྟར་ནས། དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་ཏེ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།
ཝུའུ་ཆི་ཨར་ལི་ཡིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་ལེགས་པོ་བྱེད་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །