ཞིན་ཧེ་རྫོང་བྱིས་སྐྱོང་ཁང་གིས་མཐོ་སྒང་འབྲོག་ཁུལ་གྱི་སྤུས་ལེགས་སྔོན་འགྲོའི་སློབ་གསོའི་དཔེ་མཚོན་བསྐྲུན།
ཉེ་བའི་ལོ་ཤས་རིང་། ཞིན་ཧེ་རྫོང་བྱིས་སྐྱོང་ཁང་གིས་ས་མཐོའི་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། ས་གནས་དེ་གའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རྨོ་འདེབས་ལག་ལེན་དང་སྲོལ་རྒྱུན་རིག་གནས། གསར་བརྗེའི་བློ་འབྱེད། ཚན་རིག་ཞིབ་དཔྱད་བཅས་རྒྱུན་ལྡན་གྱི་སློབ་གསོའི་འགན་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཏེ། སློབ་སྒྲུབ་ཀྱི་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་པས་རང་ཁུལ་འབྲོག་ཁུལ་གྱི་ཀུན་ཕན་སྔོན་འགྲོ་སློབ་གསོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད་ལ། བྱིས་སྐྱོང་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་ཆོས་སློབ་གསོ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བའི་རྩ་དོན་རྒྱུན་འཁྱོངས་དང་། རོལ་རྩེད་གཞི་རྩའི་བྱེད་སྒོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་སློབ་གསོ་དང་རིག་གནས་སློབ་གསོ། ཚན་རྩལ་གསར་གཏོད། ཀུན་སྤྱོད་སློབ་གསོ་བཅས་ལ་དམ་འཛིན་ནན་ཏན་བྱས་ཏེ། འབྲོག་ཁུལ་གྱི་བྱིས་པ་རྣམས་ཀྱིས་ཉམས་ལེན་ཁྲོད་མཐོང་རྒྱ་བསྐྱེད་པ་དང་ལག་ལེན་ཁྲོད་ནུས་པ་ཆེ་རུ་བཏང་།
དབྱར་ཟླ་དྲུག་པར་གསར་འགོད་པ་ཞིན་ཧེ་རྫོང་བྱིས་སྐྱོང་ཁང་དུ་བསྐྱོད་དུས། བྱིས་པ་ཚོ་རྩེད་འཇོར་རོལ་བ་དང་དགའ་སྤྲོའི་ངང་ཡར་རྒྱུག་མར་རྒྱུག་བྱེད་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད་ལ། བྱིས་སྐྱོང་ཁང་གི་ལྷས་རར་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱི་རོལ་གྱི་བྱེད་སྒོ་སྤེལ་གནས་ལེགས་སྒྲིག་དང་ལྷས་རའི་སྔ་གཞུག་གི་ས་ཁོངས་དབྱེ་འབྱེད་ལུགས་མཐུན་བྱས་ཏེ། བྱེ་རྫིང་དང་ཆུ་རྐྱལ་རྫིང་བུ། ལུས་རྩལ་སྦྱོང་བརྡར་བྱེད་གནས་སོགས་སྣ་མང་ཅན་གྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱས་ཤིང་། ལྷས་ར་མདུན་མ་དེ་རྒྱུན་རྣམ་ཅན་གྱི་ལུས་རྩལ་སྦྱོང་བརྡར་ཁུལ་ཞིག་ཡིན་པའི་ངོས་ནས་ཨན་ཅི་རོལ་རྩེད་དང་མཚོ་སྔོན་རང་ས་གནས་ཀྱི་དམངས་ཁྲོད་རོལ་རྩེད་གཉིས་མཉམ་འདྲེས་བྱས་ཏེ། སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་དང་ཕྱི་རོལ་དུ་རི་མོ་འབྲི་བའི་གྱང་། སྤྲོ་སྣང་ལྡན་པའི་རོལ་ཆས་བཅས་བཀོད་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་ཞོགས་པའི་སྦྱོང་བརྡར་དང་ཉིན་རྒྱུན་ཆུ་ཚོད་གཅིག་རིང་ལ་ཕྱི་རོལ་དུ་བྱེད་སྒོ་སྤེལ་ནས་བྱིས་པའི་གཟུགས་གཞི་བདེ་ཐང་ཡོང་བ་དང་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། གླིང་ཁུལ་གྱིས་རང་བྱུང་ཁམས་ནི་བྱིས་པ་ཚོར་ངོས་འཛིན་དང་ལག་ལེན་ཐོབ་པའི་གནས་གཙོ་བོ་ཞིག་ཡིན་པའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ས་འདམ་སྤྲོ་སྐྱིད་གླིང་དང་མཁའ་དབྱིངས་སྦྲེལ་ལམ། ཕྱི་རོལ་གྱི་རོལ་རྩེད་ཁུལ། ཉི་འོད་དྲོད་ཁང་སོགས་ལག་ལེན་བྱེད་ས་བསྐྲུན་ནས། བྱིས་པ་ཚོའི་རང་བྱུང་ཁམས་ཆེན་མོར་ཉམས་ལེན་དང་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་ཆེར་བསྐྱེད་དང་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པ་སྐྱེད་སྲིང་བྱས་ཏེ། དགའ་སྐྱིད་ཀྱི་ཀློང་ནས་མཐོང་རྒྱ་ཇེ་ཡངས་དང་བློ་སྤོབས་ལ་སྦྱོང་བརྡར་བྱས།
སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོའི་ཁྲོད་དུ།བྱིས་སྐྱོང་ཁང་གིས་རྒྱལ་གཅེས་བརྗོད་དོན་སློབ་གསོའི་ཁུལ་དང་སྲོལ་རྒྱུན་རིག་གནས་ཉམས་ལེན་ཁུལ་བསྐྲུན་པ་མ་ཟད། མདོག་བསྒྱུར་བཟོ་གྲྭ་དང་ཇ་ཡི་རིག་གནས་འགྲེམ་ཁུལ། ལག་ཤེས་པའི་བཟོ་ཁང་བཅས་བསྐྲུན་ནས། བྱིས་པ་ཚོར་མདོག་བསྒྱུར་ཉམས་ལེན་དང་ཇ་ལ་ངོས་འཛིན་དང་རོལ་མྱོང་བྱེད་པ། ཤིང་བཟོའི་སྒྱུ་རྩལ་སོགས་ཁྱད་ལྡན་སློབ་ཐུན་བཀོད་སྒྲིག་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཛེས་པ་ཉམས་ལེན་བྱེད་དུ་བཅུག་ནས། རྒྱལ་ཁབ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཆགས་པར་ཁྲིད་སྟོན་བྱས།
འབྲོག་ཁུལ་གྱི་བྱིས་པར་རྨོ་འདེབས་ཀྱི་ཉམས་མྱོང་མེད་པར་དམིགས་ནས། 2023ལོར་ཞིན་ཧེ་རྫོང་བྱིས་སྐྱོང་ཁང་གིས་བེད་མེད་དུ་ལུས་པའི་ས་སྟོང་བཀོལ་སྤྱོད་བྱས་ཏེ། རང་ས་གནས་ཀྱི་ས་བབ་མཐོ་བའི་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་སྒོས་ཉི་འོད་དྲོད་ཁང་དང་བྱིས་པའི་རྨོ་འདེབས་ལག་ལེན་རྟེན་གཞི་བསྐྲུན་ཏེ་ནས་དང་སུར་པན། མཐོ་སྒང་སྔོ་ཚལ་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱས་པ་རེད། བྱིས་སྐྱོང་ཁང་གིས་དཔྱིད་འདེབས་དང་དབྱར་དུས་དོ་དམ། སྟོན་བསྡུ་སོགས་ཞིང་ལས་ཆོས་ཉིད་གཞིར་བཟུང་སྟེ། བྱིས་པ་ཡོངས་རྩ་འཛུགས་བྱས་ཏེ་ཞིང་ལས་ངལ་རྩོལ་ནང་ཞུགས་ཏེ། བྱིས་པ་ཚོར་འདེབས་འཛུགས་དང་། དོ་དམ། འབྲས་བུ་ལེན་པའི་བརྒྱུད་རིམ་ཧྲིལ་བོར་ཉམས་ལེན་བྱེད་དུ་བཅུག བསྡུ་ལེན་བྱས་པའི་སྔོ་ཚལ་དང་སིལ་ཏོག་ཁ་ཤས་ལ་ཡུལ་དངོས་སུ་བྲོ་བར་མྱོང་རོལ་བྱས་པ་དང་། ལྷག་མ་དག་ཟ་ཁང་དུ་གཡས་སྦྱོར་བྱེད་དུ་བཅུག་སྟེ། བྱིས་པ་ཚོར་ངལ་རྩོལ་གྱི་རིན་ཐང་དང་འབྲུ་རིགས་ལ་གཅེས་སྤྲས་བྱེད་དགོས་པ་ཤེས་སུ་བཅུག་ནས་ལག་ལེན་གྱི་ནུས་པ་དང་ཕན་ཚུན་རོགས་རེས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་བ་རེད།