ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ལེགས་པོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ལེགས་པོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཧྥུའུ་ཅན་དང་ཉིང་ཞ་ཡི་རོགས་ལས་སོགས་ཀྱི་དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་མུ་མཐུད་དུ་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་དགོས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རྒྱུན་རྣམ་ཅན་གྱི་ཐོག་ནས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཤར་ནུབ་རྒྱུད་ཀྱིས་རོགས་ལས་བྱས་ནས་ལོ་ངོ30སོང་རིང་། དབུལ་སྒྲོལ་འགག་གཏོར་ཐད་རོགས་འདེགས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅིང་། དེའི་ཐོག་ནས་རང་རེའི་ཏང་གི་ཆབ་སྲིད་ཀྱི་བཟང་ཆ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལེགས་པར་མངོན་ཡོད་པར་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པའི་ལོ་ཡིན་ལ། རྒྱུན་རྣམ་ཅན་གྱི་ཐོག་ནས་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེ་ཡང་ཡིན། ཧྥུའུ་ཅན་དང་ཉིང་ཞ་ཡི་རོགས་ལས་སོགས་ཀྱི་དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཐོག རོགས་ལས་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རོགས་ལས་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། རོགས་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཤར་ནུབ་རྒྱུད་ཀྱི་ཐོན་ལས་ཕན་ཚུན་གསབ་རེས་དང་མི་སྣའི་སྤེལ་རེས། ལག་རྩལ་ཕན་ཚུན་སློབ་སྦྱོང་། འདུ་ཤེས་ཕན་ཚུན་འབྲེལ་མཐུད། སྤྱོད་ཚུལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་གོང་འཕེལ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོར་མི་འགྱུར་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་དགོས།
རྒྱལ་ཡོངས་ཤར་ནུབ་རྒྱུད་རོགས་ལས་ལས་དོན་ཚོགས་འདུ་དེ་ཚེས17ཉིན་ཉིང་ཞ་དབྱིན་ཁྲོན་དུ་འཚོགས་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་གནད་འཁེལ་གཏིང་ཟབ་ཡིན་ཞིང་། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེས་རྒྱུན་རྣམ་ཅན་གྱི་ཐོག་ནས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཡག་པོ་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་གོ་བ་གཏིང་ཟབ་ལེན་དགོས་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཧྥུའུ་ཅན་དང་ཉིང་ཞ་ཡི་རོགས་ལས་སོགས་ཀྱི་དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བཅས་བྱས་ཏེ། ཤར་ནུབ་རྒྱུད་ཀྱི་ཐོན་ལས་མཉམ་ལས་དང་ངལ་ལས་རོགས་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་དང་དངུལ་རྩ་སོགས་ཀྱི་རོགས་ལས་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བ། རོགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བཟང་ཆ་ཕན་ཚུན་གསབ་རེས་དང་ཕན་ཚུན་ནུས་པ་བསྩོལ་བ། ཐུན་མོང་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཡོད། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་ཧྥུའུ་ཅན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས་སོ་སོར་ཧྥུའུ་ཅན་དང་ཉིང་ཞ་ཡི་རོགས་ལས་ཀྱི་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་གནང་བ་དང་། པེ་ཅིན་གྲོང་ཁྱེར་དང་ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཡོད།
ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་སྡེ་ཚན་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད། །