མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས17ཉིན་ནས་ཚེས18ཉིན་བར། མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པ་ཆབ་ཆ་རུ་བསྡུས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་མཚོ་དང་དཔལ་ལྡན། མཱ་ཧྲའོ་ཧྥུའུ་དང་ཨུ་ཡོན་བཅས་བསྡོམས་པས་མི24བཅས་གྲོས་ཚོགས་སུ་ཞུགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའ་རེན་གཞོན་པ་ཀེང་ཧྲེང་ཁྲེང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ལས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁུལ་ཡོངས་ཀྱི2025ལོའི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་རྟོག་ཞིབ་སྙན་ཞུ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ལས་དོན་སྤེལ་ཚུལ་སྐོར་གྱི་རྟོག་ཞིབ་སྙན་ཞུ། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ། བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པ་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་དང་། ཁུལ་མི་དམངས་སྲིད་གཞུང་གི2025ལོའི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་དང་2025ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས། དེ་མིན་ཁུལ་མི་དམངས་སྲིད་གཞུང་གི《ཁུལ་ཡོངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གི་ཁུལ་ཡོངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གི་རྟོག་ཞིབ་སྙན་ཞུའི་གྲོས་ཞིབ་བསམ་འཆར》སྒྲུབ་ཚུལ་གྱི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།《མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་འཐུས་མི་འདེམས་བསྐོའི་སྡེ་ཚན་དབྱེ་འབྱེད་དང་མི་གྲངས་བཀོད་སྒྲིག། འཐུས་མིའི་སྒྲིག་གཞི་བཅས་འབྲེལ་ཡོད་དོན་ཚན་གྱི་གྲོས་ཆོད》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
གྲོས་ཚོགས་ལས་འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་པ་མ་ཟད། གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་ལ་བསྐོ་བཞག་ཡི་གེ་སྤྲད་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་བྱེད་སྒོའང་སྤེལ།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་འོས་མི་ཚེ་བརྟན་སྒྲོལ་མ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འོས་མི། ཁུལ་དམངས་ཆེན་གྱི་འབྲེལ་ཡོད་ཆེན་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྫོང་ལྔའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གི་ཁུལ་རིམ་པའི་དམངས་ཆེན་འཐུས་མི4བཅས་ཚོགས་འདུར་ཟུར་ཞུགས་བྱས།
གྲོས་ཚོགས་ཀྱི་སྔོན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས》ཀྱི་ཆེད་དོན་འཆད་ཁྲིད་བྱས།།