ཅང་སུའུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཚོར་སློབ་སྐྱོར་རོགས་དངུལ་སྒོར་ཁྲི7.5ཞལ་འདེབས་སུ་ཕུལ་བ།
རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས15ཉིན། ཅང་སུའུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཀུན་ཕན་སློབ་སྐྱོར་གྱི་ཞལ་འདེབས་ཕུལ་བའི་མཛད་སྒོ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་བསྡུས་ཤིང་། ཐེངས་འདིའི་ཆེད་དོན་ཞལ་འདེབས་ཀྱི་དམིགས་ཡུལ་ནི་མཐོ་སྒང་འབྲོག་ཁུལ་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་ཕྲུག་ལ་གནད་འཁེལ་གྱིས་རོགས་སྐྱོར་བྱས་ཏེ། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་ལས་རིགས་སློབ་གསོའི་འཕེལ་རྒྱས་དང་། སློབ་བུ་འཚར་ལོངས་འབྱུང་བར་རོགས་རམ་བྱ་རྒྱུ་དེ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་བྱ་བ་དེས་མཚོ་ལྷོའི་འབྲོག་ཁུལ་གྱི་སློབ་སྦྱོང་གནས་ཚུལ་ལ་དམ་པོར་དམིགས་ཏེ། གནད་འཁེལ་དབྱེ་འབྱེད་དང་བརྒྱུད་རིམ་ཚད་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སློབ་གྲྭས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་དང་སྤྱོད་ཡོན་གཉིས་ལྡན། སྒྲིག་བརྩི་ཁྲིམས་སྲུང་བཅས་ཀྱི་གདམ་གསེས་ཚད་གཞིར་ཞིབ་བསྡུར་ནན་མོ་བྱས་ཏེ། འཛིན་གྲྭའི་སྙན་ཞུ་དང་སློབ་གླིང་ཚན་ཁག་གི་ཐོག་མའི་ཞིབ་བཤེར། སློབ་གྲྭ་རིམ་པའི་བསྐྱར་ཞིབ། དྲ་ལམ་སྤྱི་བསྒྲགས་བཅས་ཀྱི་དྲང་གཞག་གི་གོ་རིམ་བརྒྱུད་མཐར། རོགས་སྐྱོར་གྱི་གོ་སྐབས་ཐོབ་པའི་སློབ་མ50ཡི་མིང་ཐོ་གཏན་འཁེལ་བྱས། སྒོར་ཁྲི7.5ཡི་ཆེད་དོན་རོགས་དངུལ་དེ་མི་རེར་ཆ་སྙོམས་སྒོར1500ཡི་ཚད་གཞི་ལྟར། འཚོ་བ་དང་སློབ་སྦྱོང་གི་འགྲོ་གྲོན་སོགས་རྒྱུན་ལྡན་གྱི་འགྲོ་སོང་ཁ་གསབ་བྱ་རྒྱུར་བཀོལ་སྤྱོད་བྱས་ཏེ། དཀའ་ངལ་ཡོད་པའི་སློབ་བུ་དག་གི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་བཏང་།
ཞལ་འདེབས་ཕུལ་བའི་མཛད་སྒོའི་སྟེང་། སློབ་གྲྭའི་མགོ་ཁྲིད་ཀྱིས་ཅང་སུའུ་རྒྱ་གྲམ་དམར་པོ་ཚོགས་པའི་སློབ་ཞུགས་རོགས་དངུལ་རེ་རེ་བཞིན་སློབ་མ་ཚོའི་ལག་ཏུ་སྤྲད་དེ་ཅང་སུའུ་ཡི་བརྩེ་བ་དྲོན་མོ་ཚོར་དུ་བཅུག མ་དངུལ་དེ་ནི་དངོས་པོའི་སྟེང་གི་རྒྱབ་སྐྱོར་ཙམ་མིན་པར། བསམ་བློའི་སྟེང་གི་སྐུལ་ལྕག་ཆེན་པོ་ཞིག་ཀྱང་ཡིན་པས། འབྲོག་ཁུལ་གྱི་སློབ་བུ་ཚོའི་སློབ་སྦྱོང་གི་དཀའ་ཁག་སེལ་ནས་ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།།