ཁྲི་ཀ་རྫོང་གིས2026ལོའི་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་བདེ་འཇགས་ཆུ་དཔྱད་ལག་རྩལ་སྤེལ་རེས་དང་ཚད་གཞི་ལས་བརྒལ་བའི་ཆུ་ལོག་སྔོན་འགོག་གི་མཉམ་འབྲེལ་འཕྲལ་སྡོམ་འཁྲབ་སྦྱོང་བྱས།
ཆུའི་བཞུར་རྒྱུད་ཀྱི་ཆུ་དཔྱད་སྡེ་ཁག་དང་ས་གནས་ཀྱི་ཆུ་དཔྱད་སྡེ་ཁག་དབར་གྱི་མཉམ་སྒྲུབ་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས། ཆུ་དཔྱད་ཀྱི་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པའི་དངོས་འཐབ་རང་བཞིན་གྱི་བེད་སྤྱོད་ལ་ཞིབ་བཤེར་བྱ་ཆེད། ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་སྟོད་རྒྱུད་ཀྱི་ཆུ་དཔྱད་ཆུའི་ཐོན་ཁུངས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ཚད་འཇལ་ལྟེ་གནས་དང་མཉམ་འབྲེལ་སྒོས་ཁྲི་ཀ་རྫོང་གི་ཆུ་འཁོར་ཐང་ཆེན་དུ2026ལོའི་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་བདེ་འཇགས་ཆུ་དཔྱད་ལག་རྩལ་སྤེལ་རེས་དང་ཚད་གཞི་ལས་བརྒལ་བའི་ཆུ་ལོག་སྔོན་འགོག་གི་མཉམ་འབྲེལ་འཕྲལ་སྡོམ་འཁྲབ་སྦྱོང་བྱས།
ཐེངས་འདིའི་འཁྲབ་སྦྱོང་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་གི་རྣམ་པ་བསྐྲུན་ཏེ། དྲག་ཆར་བབས་ནས་ཁྲི་ཀ་རྫོང་མཁར་དུ1981ལོའི་ཚུན་གྱི་ཆུ་ལོག་ཆེ་ཤོས་ཐོན་ནས་རྨ་ཆུའི་ཆུ་རྒྱས་ཏེ་རྨ་ཆུའི་འགྲམ་རྒྱུད་ཀྱི་སྡོད་དམངས་ཀྱི་སྡོད་ཁུལ་དང་འགྲིམ་འགྲུལ་གཞུང་ལམ་གྱི་ངོས་སུ་ཆུས་བསྣུབས་པའི་ཉེན་ཁར་འཕྲད་ཡོད་པ་དང་། དུས་མཚུངས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་ཟམ་ཐོག་ཏུ་རྫས་འགྱུར་སྙིགས་རྫས་དྲུད་པའི་རླངས་འཁོར་ཞིག་ལོག་ནས་རྫས་འགྱུར་སྙིགས་རོ་རྨ་ཆུའི་ནང་དུ་བཞུར་ཏེ་སྦགས་བཙོག་བཟོ་བའི་ཉེན་ཁ་ཆེ་བར་ལད་ཟློས་བྱས་ཤིང་། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་བཀོད་འདོམས་ལྟེ་གནས་ཀྱིས་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ནས། བཞུར་ཚད་དང་ཆུ་གནས། ཆུའི་སྤུས་ཚད་བཅས་ལ་ལྟ་ཞིབ་ཚད་ལེན་དང་། ཆུའི་གནས་ཚུལ་བརྡ་འཕྲིན་བརྒྱུད་སྤྲོད་སོགས་འཕྲལ་སྡོམ་བྱ་བ་ལེགས་པར་བསྒྲུབས་ནས། ཆུ་ལོག་འགོག་པ་དང་འཕྲལ་སྡོམ་ཇུས་ཐག་གཅོད་པར་དུས་ཐོག་ཏུ་གནད་ལ་འཁེལ་བའི་གཞི་གྲངས་མཁོ་འདོན་བྱས་ཡོད།
ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཚད་ལེན་ལྟེ་གནས་མཚོ་ལྷོ་ཡན་ལག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡུན་ཅིན་ཀྲའོ་ཡིས་བཤད་རྒྱུར། ཐེངས་འདིའི་འཁྲབ་སྦྱོང་ཁྲོད་ཆུ་ཚད་འཇལ་ཆས་རེག་བརྡGNSསྤྱད་ནས་ཆུ་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། མི་མེད་གྲུ་གཟིངས་ནངABCPདང་། མི་མེད་གནམ་གྲུའི་ནང་བཞུར་ཚད་འཇལ་ཆས་དང་། བརྙན་རིས་བཞུར་ཚད་འཇལ་ཆས་ཡིས་བཞུར་ཚད་ལ་ཚད་འཇལ་བྱེད་པ། ས་ངོས་ཀྱི་གནད་འཁེལ་ཚད་འཇལ་སྒྲིག་ཆས་དང་མི་མེད་གནམ་གྲུའི་ཚད་འཇལ་བརྙན་མིག མི་མེད་གྲུ་གཟིངས་སྟེང་གི་ཚད་འཇལ་སྒྲིག་ཆས་ཡིས་ཆུ་འགྲམ་དང་ཆུ་འོག་གི་ས་དབྱིབས་ཚད་འཇལ་བྱས་པ་ཡིན། ཐེངས་འདིའི་སྦྱོང་བརྡར་བརྒྱུད་ནས། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་ཏེ། འཕྲལ་བསྟུན་གྱི་གནས་ཚུལ་སྣ་ཚོགས་ཁྲོད་དུ་ཚད་ལེན་ཐུབ་པ་དང་། ཚད་ལེན་བྱས་པ་གནད་ལ་འཁེལ་བ། དུས་ཐོག་ཏུ་སྙན་ཞུ་འབུལ་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཡོད་ཟེར།
ཐེངས་འདིའི་འཁྲབ་སྦྱོང་ནི་ཆུ་བེད་པུའུ་ཡི་སྔོན་བརྡ་བཞིའི་བླང་བྱ་དང་དངོས་འཐབ་འཁྲབ་སྦྱོང་པུའུ་ཡི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ཀྱི་མགོ་རྩོམ་དུས་མཚམས་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་ལ་གཞི་བཙུགས་ཡོད། དེ་བཞིན་རྒྱལ་ཡོངས་ཀྱི་ཆུ་བེད་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཆུ་དཔྱད་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། འཁྲབ་སྦྱོང་ལ་བརྟེན་ནས་འགོག་སྲུང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྨ་ཆུའི་འབབ་རྒྱུད་དང་ས་གནས་ཆུ་དཔྱད་མཐུན་སྦྱོར་ནུས་པར་སྦྱོང་བརྡར་དང་། གནམ་གཤིས་ཧ་ཅང་མི་ལེགས་པའི་ཆ་རྐྱེན་འོག་སྔོན་བརྡ་གནད་ལ་འཁེལ་བ་དང་དང་ལེན་ནུས་ལྡན་ཐུབ་པར་འགན་ལེན་བྱས་ནས། རྨ་ཆུ་དང་ཙོང་ཆུའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ཆུའི་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱས་ཡོད་པ་རེད།