གནད་བསྡུས། 详情

མཚོ་སྔོན་ནས་ཀོང་ཏུང་བར་གྱི་ཐད་རྒྱུག་བཟོ་སྐྲུན་དེ་དངོས་སུ་སྐུལ་འདེད་བྱེད་པའི་དུས་མཚམས་སུ་སླེབས་པ།

ཉེ་ཆར། མཚོ་སྔོན་མཚོ་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞིས་ཀོང་ཏུང་དུ་མཐོ་གནོན་གློག་སྐྱེལ་བའི་ཐད་རྒྱུག་བཟོ་སྐྲུན་ལག་བསྟར་བྱེད་འཐུས་ཀྱི་ཞིབ་འཇུག་བྱ་བའི་མགོ་ཚུགས་ཚོགས་འདུ་པེ་ཅིང་དུ་བསྡུས་པས། བཟོ་སྐྲུན་དེ་དངོས་སུ་སྐུལ་འདེད་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

མཚོ་སྔོན་མཚོ་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞིས་ཀོང་ཏུང་ལ་མཐོ་གནོན་གློག་སྐྱེལ་བའི་ཐད་རྒྱུག་བཟོ་སྐྲུན་དེ་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་སོགས་ཀྱིས་གྲུབ་པའི་གྲོང་ཁྱེར་ཚོགས་པའི་གློག་སྤྱོད་ཐེག་ཚད་ལྟེ་གནས་སྦྲེལ་མཐུད་བྱེད་པའི་ནུས་རྒྱུའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་མ་ཟད། རང་རྒྱལ་གྱིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ལས་བརྒལ་བའི་གློག་དྲ་དང་ལྷོ་ཕྱོགས་གློག་དྲའི་གཉེར་སྐྱོང་ས་ཁོངས་ཀྱི་མཐོ་གནོན་གློག་སྐྱེལ་བའི་ཐད་རྒྱུག་བགྲོད་ལམ་ཐོག་མའང་ཡིན་པས། རྒྱལ་ཁབ་ཀྱིས་བྱེ་ཐང་གི་རླུང་གློག་རྟེན་གཞི་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཐཱན་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ། བཟོ་སྐྲུན་དེའི་གློག་གཏོང་ཤོང་ཚད་ལ་སྟོང་ཝ་ཁྲི800ཡོད་པས། མཚོ་སྔོན་དང་ཀོང་ཏུང་ས་ཁུལ་གཉིས་སུ་གློག་བརྗེ་ས་ཚིགས་གཅིག་རེ་གསར་སྐྲུན་བྱེད་ཐུབ་ལ། ཐད་རྒྱུག་སྐུད་ལམ་དེ་ཀན་སུའུ་དང་ཧྲའན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར9བརྒྱུད་དེ་གློག་གཏོང་བར་ཐག་ལ་སྤྱི་ལེ2511ཙམ་ཡོད།  བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་རྗེས། སྔོན་དཔག་བྱས་ན་ལོ་རེར་ཀོང་ཏུང་ལ་དུས་ཚོད་སྟོང་ཝ་དུང་ཕྱུར360གི་གློག་གཏོང་ཐུབ་པ་དང་། དེའི་ཁྲོད་ཀྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་དུས་ཚོད་སྟོང་ཝ་དུང་ཕྱུར249ཙམ་ཟིན་པ་དེས69.2%ཟིན། ལས་གཞི་དེས་མཚོ་སྔོན་དུ་རྒྱལ་ཁབ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་པོར་བསྐྲུན་རྒྱུར་རམ་འདེགས་བྱ་ཐུབ་པ་མ་ཟད། ཀོང་ཏུང་གི་སྤྱི་ཚོགས་དཔལ་འབྱོར་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དགོས་མཁོའང་བསྐང་ཐུབ་པས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རེད།


热门新闻

热门图库

热门排行