ཞིན་ཧེ་རྫོང་གིས་མཁར་གྲོང་གི་སྦུག་ལམ་བཟོ་སྐྲུན་ཆེན་མོ་གཉིས་འཛུགས་སྐྲུན་བྱས་ཏེ་དམངས་ཚིས་རྨང་གཞི་ཇེ་ལེགས་སུ་གཏོང་བ།
བསྟུད་མར་ཉིན་འགའི་རིང་ལ། ཞིན་ཧེ་རྫོང་གི་ལམ་མདོ་སོ་སོའི་བཟོ་སྐྲུན་ཡུལ་དངོས་སུ་འཕྲུལ་ཆས་སྣ་ཚོགས་དང་བཟོ་སྐྲུན་མི་སྣས་རང་རང་གི་ལས་བགོས་ལྟར་བཟོ་སྐྲུན་བྱེད་བཞིན་པས། ཚ་ཚ་འུར་འུར་གྱིས་ལས་ཀར་བྲེལ་བའི་རྣམ་པས་ཁེངས་ཡོད་ལ། རྫོང་ཁོངས་ཀྱི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཁར་གྲོང་གི་དྲོད་འདོན་དང་ཆུ་འབུད་ཀྱི་སྦུག་ལམ་བཟོ་སྐྲུན་ལས་གཞིས་བཟོ་སྐྲུན་གྱི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ་སྐུལ་འདེད་བྱེད་བཞིན་པས། བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་བརྩམས་ཏེ་དམངས་ལ་ཕན་བདེ་བསྐྲུན་པར་འགན་ལེན་བྱེད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ཞིན་ཧེ་རྫོང་གི་མཁར་གྲོང་གི་གཅིག་བསྡུས་དྲོད་འདོན་ལས་གཞིའི་ཐད་ལ་སྤྱིའི་མ་དངུལ་སྒོར་ཁྲི4060བཏང་སྟེ། གཙོ་བོར་སྤྱི་ལེ37.4ཡི་ལམ་ཚད་དུ་དྲོད་འཛིན་སྦུ་གུ་དང་དེའི་ཁོངས་གཏོགས་ཀྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱེད་པ་དང་དུས་མཉམ་དུ་ལམ་ངོས་ཞིག་གསོ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱ་རྒྱུ་རེད། མིག་སྔའི་བར་དུ་ལས་གཞིའི་བཟོ་སྐྲུན་གྱི65%ལེགས་འགྲུབ་བྱུང་ཟིན་པས། ད་ལོའི་ཟླ8པའི་ཟླ་མཇུག་བར་དུ་བཟོ་སྐྲུན་ཡོངས་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་རྩོམ་རྒྱུའི་འཆར་གཞི་ཡོད་པ་དང་། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས། སྔར་ལས་ལྷག་པའི་སྒོ་ནས་མཁར་གྲོང་གི་གཅིག་བསྡུས་དྲོད་འདོན་ཁྱབ་ཁོངས་ཆེ་རུ་བཏང་སྟེ།མཁར་གྲོང་གི་ས་ཁུལ་འགའ་ཤས་སུ་དགུན་ཁར་དྲོད་འདོན་དཀའ་བའི་གནད་དོན་རྩ་བ་ནས་ཐག་བཅད་དེ།མང་ཚོགས་སྔར་ལས་མང་པོར་གཏན་འཇགས་དང་སྤུས་ལེགས་ཀྱི་གཅིག་བསྡུས་དྲོད་འདོན་ཞབས་ཞུ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད། དེ་དང་ཆབས་ཅིག་ཏུ། མཁར་གྲོང་གཙོ་བོའི་ཁུལ་གྱི་ཆུ་འབུད་སྒྱུར་བཀོད་བཟོ་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་ཁྲི3940བཏང་ནས། 2025ལོའི་ཟླ9པར་དངོས་སུ་ལས་མགོ་བརྩམས་པ་དང་། མཁར་གྲོང་གི་ལམ་གཙོ་བོ5དང་། སྤྱི་ལེ14.8ཀྱི་ཆུ་འདྲེན་སྦུ་གུ་དང་ཁྲོན་པ365བཅས་ལ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ་རེད། མིག་སྔར་ལས་གཞི་དེའི་འཛུགས་སྐྲུན་བྱེད་ཚད་བཅུ་ཆའི་བདུན་ལེགས་འགྲུབ་བྱུང་བ་དང་། སྔོན་དཔག་ལྟར་ན་ད་ལོའི་ཟླ7པའི་ཟླ་མཇུག་ཏུ་བདེ་བླག་ངང་མཇུག་བསྒྲིལ་རྒྱུ་རེད། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་མཁར་གྲོང་དུ་ཆུ་གསོག་པ་དང་།འགྲོ་ལམ་དུ་ཆུ་འཁྱིལ་བའི་གནད་དོན་རྩ་བ་ནས་ཐག་བཅད་པས། གྲོང་ཁྱེར་གྱི་ཆུ་གནོད་སྔོན་འགོག་གི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཐུབ་ངེས་རེད།
ཞིན་ཧེ་རྫོང་སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལྷ་ལུང་འབུམ་གྱིས་བཤད་རྒྱུར། ང་ཚོས་བཟོ་སྐྲུན་གྱི་འགག་རྩར་དམ་པོར་དམིགས་ནས། འཛུགས་སྐྲུན་གྱི་སྤུས་ཚད་དམ་འཛིན་དང་། འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་བརྡལ་གྱི་དོ་དམ་བྱ་བའི་རྨང་གཞིའི་སྒྲིག་བཀོད་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་ནས། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་ཟེར།