རང་ཁུལ་གྱིས་བདེ་ཐང་དམངས་ཕན་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་གུང་ཧོ་རུ་སྤེལ་མགོ་བརྩམས།
ཟླ6པའི་ཚེས15ཉིན། མཚོ་ལྷོ་ཁུལ་བདེ་ཐང་དམངས་ཕན་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་གུང་ཧོ་རྫོང་དུ་སྤེལ་མགོ་ཚུགས་ཤིང་། བྱེད་སྒོ་དེས་ཁུལ་ཡོངས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་གྱི་ཤང་དང་གྲོང་བརྡལ་དུ་ཕྱོགས་ཏེ། དམངས་ཕན་ཞབས་ཞུའི་བྱེད་ཐབས་ཆེན་པོ་ལྔ་ཡི་ལམ་ནས་གཞི་རིམ་གྱི་བདེ་ཐང་ཞབས་ཞུའི་ཞན་ཆར་གནད་ལ་འཁེལ་བའི་སྒོ་ནས་ཁ་གསབ་བྱས་ཏེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་ལེགས་པོ་བྱས།
ཐེངས་འདིའི་བྱེད་སྒོ་ལས་ཁུལ་དང་རྫོང་རིམ་པ་གཉིས་སུ་རིན་མི་ལེན་པར་ལུང་ཕུང་བརྟག་དཔྱད་དང་བདེ་ཐང་འོས་འགན་སྨན་བཅོས། བདེ་ཐང་དྲིལ་བསྒྲགས། རིན་མེད་ཁྲག་སྦྱིན་དྲིལ་བསྒྲགས་བཅས་དུས་མཉམ་ཏུ་སྤེལ་ནས། ས་ཁོངས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པར་བྱས་ཏེ་ཁུལ་ཡོངས་ཀྱི་ཤང་དང་གྲོང་བརྡལ36ལ་ཡོངས་སུ་ཁེབས་པར་འགན་ལེན་བྱས། དུས་མཚུངས་སུ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་དང་སྤྱི་བའི་འཕྲོད་བསྟེན། ཀྲུང་བོད་ལུགས་གསོ་རིག ལྟེ་གནས་ཁྲག་མཛོད་ས་ཚིགས་བཅས་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། 5+5ཡི་ཞབས་ཞུའི་རྣམ་པར་དམིགས་ནས་བདེ་ཐང་བརྟག་དཔྱད་དང་བྱམས་བརྩེའི་འོས་འགན་སྨན་བཅོས། བདེ་ཐང་ཚན་རིག་ཁྱབ་གདལ། སྨན་ཁང་དུ་མཉམ་དུ་ནད་དཔྱད་དང་སྨན་ཁང་བརྗེ་ནས་སྨན་བཅོས་བྱེད་པ། ཁྲག་སྦྱིན་ཞབས་ཞུ་སོགས་རྣམ་གྲངས་གཙོ་བོ་ལྔ་སྤེལ་ཏེ། རིམ་བགར་དང་རིགས་དབྱེ་ཡི་ལམ་ནས་ཞབས་ཞུའི་རུ་ཁག་ལྔ་བཙུགས་ནས། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་ལམ་ཐག་རིང་བ་དང་། ལུས་ཕུང་བརྟག་དཔྱད་བྱེད་དཀའ་བ། སྲིད་ཇུས་ལ་རྒྱུས་མངའ་མེད་པ། བདེ་ཐང་གི་ཤེས་བྱ་ཉུང་བ་སོགས་ཀྱི་འབུར་ཐོན་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་མཐོར་འདེགས་སུ་བཏང་སྟེ། བདེ་ཐང་མཚོ་ལྷོའི་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་།
བྱེད་སྒོ་དང་འབྲེལ་ཏེ་དུས་མཉམ་དུ་བདེ་ཐང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ལས་དོན་མི་སྣས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སྨན་བཅོས་འགན་བཅོལ་དང་སྤྱི་པའི་འཕྲོད་བསྟེན་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་འགྲེལ་བཤད་བརྒྱབ་པ་དང་། མང་ཚོགས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་བདེ་ཐང་ལ་དོ་སྣང་ཡག་པོ་བྱ་རྒྱུའི་སྐོར་ནས་མཛུབ་ཁྲིད་བྱས་ཏེ། བདེ་ཐང་ལ་དོ་སྣང་བྱེད་མཁན་གྱི་ཁྱིམ་མི་སྐྱེད་སྲིང་བྱས་ནས་ངེས་པ་དོན་གྱིས་མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་།
གུང་ཧོ་རྫོང་ཆོས་རྗེ་ཤང་སྟོང་སྐོར་སྡེ་བའི་སྡེ་མི་དགྲ་འདུལ་དབང་ཕྱུག་གིས་བཤད་རྒྱུར། ང་ནི་སྟོང་སྐོར་སྡེ་བའི་སྡེ་མི་ཞིག་ཡིན། སྔོན་ཆད་ང་ཚོས་ལུས་ཕུང་བརྟག་དཔྱད་དང་སྨན་བཅོས་བྱེད་ན་ངེས་པར་དུ་ཁུལ་ཐོག་ཏུ་འགྲོ་དགོས་ལ། དེར་ལམ་ཐག་ཧ་ཅང་རིང་བར་མ་ཟད་སྟབས་བདེ་བོའང་མིན། དེ་རིང་ཁུལ་དང་རྫོང་སྨན་ཁང་གི་སྨན་པ་ཚུར་ཡོང་ནས་ང་ཚོའི་ལུས་ཕུང་ལ་བརྟག་དཔྱད་བྱས་པ་དང་ནད་གཞིའི་སྨན་བཅོས་ཐད་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པས་ཁོ་ཚོར་དངོས་གནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
ལུས་ཕུང་ལ་བརྟག་དཔྱད་དང་འོས་འགན་སྨན་བཅོས་བྱེད་པའི་སྐབས་སུ་ཤེས་རྟོགས་བྱུང་བའི་ནད་གཞི་ཚབས་ཆེན་དང་ངོས་འཛིན་དཀའ་བའི་ནད་གཞི་ལྕི་མོ། ནད་གཞི་རྒྱུན་མཐོང་མིན་པའི་ནད་པ་བཅས་ལ་དམིགས་ཏེ། བྱ་འགུལ་ལས་ཆེད་དོན་རོགས་སྐྱོར་གྱི་ལམ་སྲོལ་བཙུགས་པ་དང་མི་སྒེར་གྱི་ནད་ཐོ་བཟོ་པ། ཆེད་མི་བཀོད་སྒྲིག་བྱས་ནས་གོང་རིམ་སྨན་བཅོས་ལས་ཁུངས་དང་སྦྲེལ་མཐུད་བྱེད་པ། སྨན་ཁང་བརྗེ་ནས་སྨན་བཅོས་བྱེད་པ་དང་ནད་དཔྱད་ཀྱི་བརྒྱུད་རིམ་ཧྲིལ་པོར་གཅིག་འཐུས་ཞབས་ཞུ་མཁོ་འདོན་བྱས་ཏེ། དབུལ་ཐར་ས་ཁུལ་གྱི་ནད་གཞི་ཆེ་གྲས་རིགས30ཡི་རོགས་སྐྱོབ་ཡོངས་སུ་ཁེབས་པར་བྱས་ནས། གཞི་རིམ་མང་ཚོགས་ཀྱི་ནད་བཅོས་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ནད་གཞི་ལྕི་བའི་ནད་པའི་བདེ་ཐང་ལ་འགན་སུང་གང་ལེགས་བྱས།
མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚན་ཁག་གི་ཁའོ་ཀྲང་ཧའེ་དབྱིན་མིའེ་ཡིས་བཤད་རྒྱུར། ང་ཚོས་ཐག་རིང་ཤང་གྲོང་གི་ནད་པ་སྨན་ཁང་དུ་འགྲོ་ན་ལམ་ཐག་རིང་བ་དང་སྨན་བཅོས་བྱེད་དཀའ་བ་དང་། གཅོང་ནད་ཚོད་འཛིན་བཟང་བོ་བྱེད་མི་ཐུབ་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། 5+5ཡི་ཞབས་ཞུའི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་ནས། ཁུལ་ཡོངས་ཀྱི་སྨན་བཅོས་དང་། ཀྲུང་བོད་ལུགས་སྨན་རྫས། ལྟེ་གནས་ཁྲག་མཛོད་ས་ཚིགས་བཅས་ཀྱི་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་ཁ་ཕྱོགས་ཏེ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཁང36གིས་ཕྱོགས་ཡོངས་ནས་སྨན་རིན་མི་དགོས་པར་ལུས་ཕུང་ལ་བརྟག་དཔྱད་དང་བདེ་ཐང་འོས་འགན་སྨན་བཅོས་སོགས་དམངས་ཕན་ཞབས་ཞུའི་བྱ་འགུལ་སྤེལ་ནས་ཤང་གྲོང་གི་འཕྲོད་བསྟེན་ཁང36ལ་ཁེབས་པར་འགན་ལེན་བྱས་ཡོད་ཟེར།