གནད་བསྡུས། 详情

ཚྭ་འདམ་ཆེ་བའི་ས་ཡོམ་རིམ་པ6.3གྱི་ཡོམ་འགོག་གནོད་སེལ་ཡུལ་དངོས་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན་གྱི་དགོང་མོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁའི་ཚྭ་འདམ་ཆེ་བའི་ས་ཡོམ་རིམ་པ6.3གྱི་ཡོམ་འགོག་གནོད་སེལ་ཡུལ་དངོས་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ། དུས་ཐོག་ཏུ་ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཡུལ་དངོས་ཀྱི་རྒུད་སྐྱོབ་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཏེ། ཡོམ་འགོག་གནོད་སེལ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ས་ཡོམ་བྱུང་རྗེས། མཚོ་ནུབ་ཁུལ་གྱིས་ཡོམ་འགོག་གནོད་སེལ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ལས་དོན་ཨང་དང་པོར་བརྩིས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་གཅིག་གྱུར་དང་བློ་ཁ་གཅིག་མཐུན། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་སོ་སོ་ལྷག་བསམ་རྣམ་དག་གིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་ལས་དོན་སོ་སོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

མཚོ་ནུབ་ཁུལ་གྱིས་ཕན་འབྲས་ཆེ་བའི་སྒོ་ནས་བཀོད་འདོམས་མ་ལག་གི་ནུས་པ་འདོན་སྤེལ་བྱས་ཏེ། གཅིག་གྱུར་མགོ་ཁྲིད་དང་། ཆེད་ལས་མཁས་པས་གཅིག་གྱུར་འཆར་འགོད། གཡས་གཡོན་མཐུན་སྦྱོར། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་ལམ་སྲོལ་བཙུགས་ནས། གནོད་སེལ་ལས་དོན་གྱི་བཀའ་རྒྱ་ཤར་གཏོང་ཐུབ་པ་དང་། བཀོད་གཏོང་གོ་རིམ་ལྡན་པ། དོན་འཁྱོལ་ནུས་ལྡན་བཅས་ལ་ཁག་ཐེག་བྱས།

མཚོ་ནུབ་ཁུལ་གྱིས་ཡོམ་ཁུལ་གྱི་མི་སྣ་ལ་ཡང་བསྐྱར་ཞིབ་བཤེར་ཐེངས་གཅིག་བྱ་རྒྱུ་ཡིན་པ་དང་། གཙོ་གནད་དུ་གཏེར་རི་དང་། མཛེས་ལྗོངས་ཁུལ། སློབ་གྲྭ། སྡོད་ཁང་རྙིང་པ། དམངས་ཁང་། སྤྱི་པའི་བཟོ་སྐྲུན་སོགས་ལ་ཞིབ་བཤེར་བྱས་ཏེ། ཉེན་ཁ་ཡོད་པའི་ཁང་པར་མི་སྡོད་པ་དང་ཉེན་ཁ་ཡོད་པའི་ཁང་པར་མི་འཛུལ་བར་ཁག་ཐེག་བྱེད་དགོས། དུས་ཐོག་ཏུ་ཁང་པ་དང་། གཞུང་ལམ། ཟམ་པ། སྦུག་དྲ་སོགས་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་ཞིབ་བཤེར་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་རྒྱུས་ལོན་བྱས་ཏེ། གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་གནོད་སྐྱོན་གྱི་ཞོར་ཐོན་གནོད་འཚེའི་ཉེན་ཁ་སྔོན་འགོག་ནན་མོ་བྱས་ཏེ། ཆུ་མཛོད་དང་ཆུ་བོ། རི་ངོས་ཀྱི་རྡོ་ཉིལ། ས་གཤིས་ཀྱི་གྱེན་ཐུར་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་སོགས་གནད་འགག་གི་གནས་ཚུལ་ལ་དམིགས་ཏེ། ཁྱོན་ཡོངས་ནས་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་བྱས་ཏེ། མི་སྣ་ཤི་རྨས་གསར་པ་མི་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། མང་ཚོགས་གནས་སྤོར་བཀོད་སྒྲིག་གང་ལེགས་བྱས་ཏེ། ས་ཁུལ་བགོས་ནས་ཁུལ་དབྱེ་བ་དང་དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་རྒུད་སྐྱོབ་དངོས་རྫས་བགོ་བཤའ་དང་མཁོ་སྤྲོད། གནས་སྐབས་བཀོད་སྒྲིག་བྱེད་ས་འཛུགས་སྐྲུན། བཟའ་བཏུང་འགན་སྲུང་། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་བྱ་བ་སྤེལ་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་གནས་བབ་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་གང་ལེགས་བྱེད་པ་དང་། སྲང་ལམ་གྱི་བདེ་འཇགས་སྐོར་ཞིབ་ལ་ཤུགས་བསྣན་ཏེ། གནད་འགག་གི་གནས་ཡུལ་གྱི་སྒྲིག་ལམ་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་སྒྲིག་ལམ་བརྟན་བརླིང་ཡིན་པར་ཁག་ཐེག་བྱ་རྒྱུ་རེད། །

热门新闻

热门图库

热门排行