ཅང་སུའུ་ཡི་རྒན་རབས་པའི་ཆེད་མཁས་སྨན་པས་ལེ་དབར་སྟོང་ཕྲག་བརྒལ་ནས་མཚོ་སྔོན་ལ་སྨན་བཅོས་ལག་རྩལ་བརྒྱུད་སྤྲོད་བྱས་པ།
ཟླ6པའི་ཚེས11ཉིན། ལེ་དབར་སྟོང་ཕྲག་བརྒལ་བའི་སྨན་བཅོས་རོགས་སྐྱོར་ཏེ་བརྩེ་བའི་ལག་གདང་སྦྲེལ། བདེ་ཐང་མཉམ་དུ་སྲུང་ཞེས་པའི་ཅང་སུའུ་ཡི་རྒན་རབས་པའི་སྨན་བཅོས་ཆེད་མཁས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འོས་འགན་སྨན་བཅོས་བྱེད་སྒོ་ཞིག་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་བྱམས་བརྩེའི་ངང་སྤེལ་མགོ་ཚུགས་ཤིང་། ཅང་སུའུ་ནས་ཡོང་བའི་རྒན་རབས་པའི་ཆེད་མཁས་ཚོགས་པས་ཡུལ་དངོས་ཀྱི་སྤྱི་ཕན་འོས་འགན་སྨན་བཅོས་དང་ཚན་ཁག་ལ་གནད་འཁེལ་ཁྲིད་སྟོན་གྱི་རོགས་སྐྱོར་བྱེད་ཐབས་ལ་བརྟེན་ནས་མཐོ་སྒང་གི་མང་ཚོགས་ལ་བདེ་ཐང་དང་ས་གནས་ཀྱི་སྨན་བཅོས་ལས་དོན་ལ་ལག་རྩལ་བརྒྱུད་སྤེལ། ཆེད་ལས་ཚན་ཁག་གི་འཕེལ་རྒྱས་ལ་ནུས་ཤུགས་བསྩལ།
འོས་འགན་སྨན་བཅོས་བྱ་ཡུལ་དུ་བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་བའི་མང་ཚོགས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་སྒུག་སྡོད་པ་དང་། ཆེད་མཁས་སྨན་པ་རྣམས་ཀྱིས་གཟབ་ནན་ཞིབ་ཚགས་དང་ངང་རྒྱུད་རིང་ལ་ལྷག་བསམ་རྣམ་དག་གི་སྨན་བཅོས་རྣམ་འགྱུར་བཟུང་ནས། སྨན་བཅོས་བྱེད་པར་ཡོང་བའི་མང་ཚོགས་ལ་སྨན་བཅོས་ཞིབ་ཚགས་དང་གཟུགས་པོར་བརྟག་དཔྱད། ནད་གཞིའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པར་མ་ཟད། མཐོ་སྒང་གི་མིའི་ལུས་པོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རང་གཤིས་ཅན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་དང་སྨན་སྤྱོད་མཛུབ་ཁྲིད། དེ་མིན་ཁམས་གསོའི་བསམ་ཚུལ་བཏོན་ནས། མང་ཚོགས་ལ་ཁྱིམ་གྱི་སྒོ་ཁར་སྤུས་ལེགས་དང་སྟབས་བདེ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག
རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆེད་མཁས་སྨན་པའི་ཚོགས་པ་ནི་དབུགས་འབྱིན་རྔུབ་ཁོང་ནད་ཚན་ཁག་དང་སྙིང་ཁམས་ཁྲག་རྩའི་ཁོང་ནད་ཚན་ཁག མིག་ནད་ཚན་ཁག མོ་ནད་ཚན་ཁག རུས་ནད་ཚན་ཁག དབང་རྩའི་ཁོང་ནད་ཚན་ཁག་སོགས་ཆེད་ལས་ཚན་ཁག་གི་ཆེད་མཁས་གཙོ་བཅོས་སྨན་པས་གྲུབ་ཡོད་པ་དང་། ཚང་མར་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་སྨན་བཅོས་ལག་རྩལ་ཡང་རྩེར་སོན་ལྡན་ཞིང་། དྲ་ཐོག་ནས་འོས་འགན་སྨན་བཅོས་བྱེད་པ་ཕུད་ཆེད་མཁས་ཚོགས་པ་སྨན་ཁང་གི་ནད་ཐོག་སྨན་བཅོས་ཚན་ཁག་སོ་སོར་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་གནད་འཁེལ་ཁྲིད་སྟོན་དང་སྨན་བཅོས་རོགས་སྐྱོར་བྱས་ཤིང་། དཀའ་གནད་ཆེ་བའི་ནད་དཔེ་ཞིབ་བསྡུར་དང་ནད་བརྟག་སྨན་བཅོས་ཀྱི་བསམ་ཕྱོགས་ལ་དབྱེ་ཞིབ། རང་ངོས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བཅས་དང་ཟུང་འབྲེལ་བྱས་ཏེ། ཆེད་ལས་ཚན་ཁག་གི་འཕེལ་རྒྱས་སྔར་བས་གནད་ལ་འཁེལ་བར་བྱས།
ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཁོང་ནད་ཚན་ཁག་གི་རིམ་པ་གཉིས་པའི་ཀྲུའུ་རེན་སྨན་པ་ཧྲན་ཆི་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་འོས་འགན་སྨན་བཅོས་ནང་དུ་ཡང་བསྐྱར་ཞུགས་ཐུབ་པར་ང་རང་དགའ་བོ་བྱུང་ཞིང་། ལོ་ངོ་བཅོ་ལྔའི་སྔོན་དང་བསྡུར་ན་མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་དང་སྨན་བཅོས་ཁོར་ཡུག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མ་ཟད། ས་གནས་སྨན་བཅོས་མི་སྣའི་སྨན་བཅོས་ཀྱི་བསམ་ཕྱོགས་དང་ཇུས་གཞི་ཡང་ལས་རིགས་ཀྱི་ཁ་ཕྱོགས་གསར་བ་དང་མཐུན་པས།ཆེད་ལས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་སོང་ཡོད་ཟེར།
ཐེངས་འདིའི་རྒན་རབས་ཆེད་མཁས་སྨན་པས་མཚོ་སྔོན་ལ་འོས་འགན་སྨན་བཅོས་རོགས་སྐྱོར་བྱེད་པ་ནི་ཅང་སུའུ་དང་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ཁ་གཏད་རོགས་སྐྱོར་གྱི་ལག་ལེན་དངོས་ཤིག་ཡིན་པས། ལས་འཁྱུར་སྨན་བཅོས་ཆེད་མཁས་པས་ལས་འཁྱུར་ངལ་གསོ་བྱས་རུང་སྨན་པའི་བརྩེ་སེམས་མུ་མཐུད་དུ་རྒྱུད་སྤྲོད་བྱེད་པའི་བླ་ན་མཐོ་བའི་སྙིང་སྟོབས་མངོན་ནས། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་སྨན་བཅོས་བརྗེ་རེས་དང་ལག་རྩལ་སྤེལ་རེས།འཇོན་མི་མཉམ་སྐྱོང་གི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་རེད།
བཅར་འདྲི། ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་རིམ་པ་གཉིས་པའི་ཀྲུའུ་རེན་སྨན་པ་ཧྥན་ཝེ་མིན་གྱིས་བཤད་རྒྱུར། ལོ་ངོ་བཅུ་ཕྲག་ལྷག་གི་ནད་ཐོག་སྨན་བཅོས་ཉམས་མྱོང་ལ་བརྟེན་ནས་མཐོ་སྒང་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པ་ནི་ང་ཚོའི་གཟི་བརྗིད་ཡིན་ལ། ང་ཚོའི་ལས་འཁྱུར་ངལ་གསོའི་རྗེས་ཀྱི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཀྱང་ཡིན་པས། རྗེས་ཕྱོགས་ང་ཚོ་མུ་མཐུད་དུ་མཚོ་སྔོན་ལ་ཡོང་ནས་ས་གནས་རོང་འབྲོག་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཟེར།