ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཀྲུང་གོ་འཛུགས་སྐྲུན་རྨང་གཞིའི་སྒྲིག་ཆས་ནུབ་བྱང་ཀུང་ཟིའི་སྤྱི་གཉེར་བ་ཅིན་ཏེ་པའོ་འཁོར་དང་བཅས་པར་བཞུགས་མོལ་གནང་།
ཟླ6པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་ཀྲུང་གོ་འཛུགས་སྐྲུན་རྨང་གཞིའི་སྒྲིག་ཆས་ནུབ་བྱང་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཅིན་ཏེ་པའོ་འཁོར་དང་བཅས་པར་བཞུགས་མོལ་གནང་བ་རེད།
ཞུང་ཡོན་ལའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཅིན་ཏེ་པའོ་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་མཉམ་ལས་འཕེལ་རྒྱས་ཐད་རྟོག་ཞིབ་དང་ཐབས་ཇུས་མཉམ་འགོད་བྱས་པར་དགའ་བསུ་ཞུས་པ་མ་ཟད། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཡང་ངོ་སྤྲོད་གནང་། ཁོས་འཕེལ་རྒྱས་ནི་བོད་འབྲེལ་ས་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་པ་དང་། མཚོ་ལྷོ་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་བབ་ཀྱི་དགེ་མཚན་འབུར་ཐོན་ཡིན་པས་འཕེལ་རྒྱས་ཀྱི་བག་ཤུགས་ཧ་ཅང་ཆེན་པོ་ཡོད། ཀྲུང་ཅན་རྨང་གཞིའི་ནུབ་བྱང་ཀུང་ཟིའི་ལས་སྒོའི་བཀོད་པ་སྣ་མང་ལ་ཉམས་མྱོང་ཕུན་སུམ་ཚོགས་པས། ཕྱོགས་གཉིས་ཀས་ད་ལྟ་དང་ཡུན་རིང་ལ་གཞི་ཚུགས་པ་དང་། མཉམ་ལས་ཀྱི་མགོ་འཛུགས་ས་ལེགས་པོ་ཞིག་བཙལ་ནས་གྲོང་ཁྱེར་གསར་སྒྱུར་དང་འགྲིམ་འགྲུལ་ལམ་དྲ་ལེགས་སྒྱུར། ཆུ་བེད་སྒྲིག་བཀོད་མཐོར་འདེགས། མཛེས་ལྗོངས་ཁུལ་གདང་འདེགས་རིམ་སྤོར་སོགས་ཀྱི་ཁྱབ་ཁོངས་ནང་དངོས་སྒྲུབ་མཉམ་ལས་བྱེད་པ་དང་། སྤུས་ལེགས་ལས་གཞིར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏིངས་ཏེ། ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས་པའི་རེ་བ་བཏོན།
ཅིན་ཏེ་པའོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཡིད་ཆེས་ལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁེ་ལས་ཀྱི་ལས་སྒོའི་བཀོད་སྒྲིག་ཀྱང་ངོ་སྤྲོད་གནང་བ་རེད། ཁོས་མཚོ་ལྷོ་ཁུལ་གྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་བ། མཉམ་ལས་ཀྱི་གོ་སྐབས་ཆེན་པོ་བཅས་ལྡན་པས། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲིར་གཞི་བཙུགས་ཏེ། ལག་རྩལ་དང་མ་དངུལ། གཉེར་སྐྱོང་བཅས་ཀྱི་ལེགས་ཆ་འདོན་སྤེལ་སྒོས་མཚོ་ལྷོའི་འཆར་འགོད་བཀོད་སྒྲིག་ལ་རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ་དང་ས་གནས་ཀྱི་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱ་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ལི་ཀོའུ་ཞུང་བཞུགས་མོལ་ཚོགས་འདུར་ཞུགས།