མཚོ་ལྷོ་ཁུལ་གྱི་བཏུལ་ཐང་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་འཛུགས་སྐྲུན་ལས་གཞིའི་མགོ་རྩོམ་མཛད་སྒོ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས12ཉིན། མཚོ་ལྷོ་ཁུལ་བཏུལ་ཐང་གི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་འཛུགས་སྐྲུན་ལས་གཞིའི་མགོ་རྩོམ་མཛད་སྒོ་གུང་ཧོ་རྫོང་དུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་མཛད་སྒོར་ཞུགས་ནས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་དང་ཀྲུང་གོ་ཀོང་ཏ་ཁོར་ཡུག་ཚོགས་པ་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་སི་ལེན་གཉིས་ཀྱིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་ལི་གོ་ཞུང་གིས་མགོ་འཛིན་བྱས།
བཏུལ་ཐང་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནི་རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་ཏུ་བསྟར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། གཙང་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ། འཚོ་བའི་གད་སྙིགས་གཙང་སེལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། དེས་ཁུལ་ཡོངས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་དེ་གནོད་མེད་ཅན་དང་ཉུང་འཕྲི་ཅན། ཐོན་ཁུངས་ཅན་བཅས་ཀྱི་མཉམ་འབྲེལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
ལས་གཞི་དེ་ནི་ཞིང་ཆེན་ཡོངས་ཀྱི་བསྲེགས་ཐབ་ཆུང་གྲས་ཀྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞི་ཐོག་མ་ཡིན་ཞིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.22བཏང་བ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ཆིང7.3ཡོད་ལ། འཛུགས་སྐྲུན་གྱི་ལས་ཡུན་ནི2026ལོའི་ཟླ6པ་ནས་ཟླ12པའི་བར་ཡིན། ལས་གཞི་དེརEPC+Oསྤྱིའི་འགན་གཙང་ལེན་བྱེད་སྟངས་སྤྱད་དེ་ཉིན་རེར་ཏུན200ཡི་གད་སྙིགས་མེར་བསྲེགས་ཐོན་སྐྱེད་བསྒྲུབ་རིམ་དང་ཀྲའོ་ཝ4ཡི་རླངས་འགུལ་གློག་འདོན་འཕྲུལ་འཁོར་གསར་སྐྲུན་བྱ་རྒྱུ་དང་། ཕྱོགས་བསྡུས་བཟོ་ཁང་གཙོ་བོ་དང་ཕྱོགས་བསྡུས་ཐོག་ཁང་སོགས་གཙོ་གཞིའི་བཟོ་བཀོད་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། གད་སྙིགས་གཙང་སེལ་བྱེད་ས་དང་བཟོ་ཁུལ་གྱི་ཆུ་ལེན་ལས་གྲྭ་སོགས་རྨང་གཞིའི་སྒྲིག་ཆས་སྡེབ་སྒྲིག་བྱ་རྒྱུ་དང་། ཟས་སྙིགས་དང་འདམ་རྫབ་གཙང་སེལ་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། དུ་རླངས་གཙང་སེལ་བཟོ་རྩལ་སྔོན་ཐོན་ཡིན་ལ། སྦགས་བཙོག་ཕྱིར་གཏོང་གི་དམིགས་ཚད་དེ་རྒྱལ་ཁབ་ཀྱི་མིག་སྔའི་ཚད་གཞི་དང་མཐུན།
ལས་གཞི་ལེགས་འགྲུབ་བྱུང་རྗེས།མཚོ་སྐོར་ས་ཁུལ་དུ་གཏོགས་པའི་གུང་ཧོ་དང་ཞིན་ཧེ་ས་ཁུལ་གཉིས་ཀྱི་རྫོང་མཁར་དང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་སོགས་ཉིན་རེར་ཏུན193གཙང་སེལ་བྱེད་ཐུབ་པ་མ་ཟད། ལོ་རེར་གནོད་མེད་འཚོ་བའི་གད་སྙིགས་ཏུན་ཁྲི7གཙང་སེལ་བྱ་ཐུབ། ལོ་རེར་གློག་འདོན་ཚད་ཆུ་ཚོད་སྟོང་ཝ་ཁྲི2430ལ་སླེབས་པ་དང་གློག་དྲར་སྦྲེལ་བའི་གློག་གཏོང་ཚད་དུས་ཚོད་སྟོང་ཝ་ཁྲི1876ལ་སླེབས་པ་དེས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཐབས་དེ་ས་འོག་ཏུ་སྦས་པ་ནས་མེར་བསྲེགས་གློག་འདོན་པའི་བྱེད་ཐབས་སུ་བསྒྱུར་བར་སྐུལ་འདེད་བྱས་ནས། འཚོ་བའི་གད་སྙིགས་གནོད་མེད་ཅན་དང་ཉུང་འཕྲི་ཅན་དུ་བཏང་སྟེ། ཐཱན་ཉུང་དང་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱ་ཐུབ།
ཁུལ་གྱི་མགོ་ཁྲིད་ཏའེ་མེན་ཅེ། ཀྲང་ཅུན་ལུའུ། ཏེང་ཧྲེང་ཕེང་། དེ་མིན་ཞིང་ཆེན་ཤང་གྲོང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་མགོ་ཁྲིད་བྱ་འགུལ་ལ་ཞུགས། །