གཙོ་གནད།2 详情

ཝན་ཅེ་ཅིང་ཧྥེང་མཚོ་སྔོན་རིག་རྩིས་ལྟེ་གནས་ཀྱི་ལས་གཞི་དངོས་སུ་མགོ་བཙུགས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས12ཉིན། ཝན་ཅེ་ཅིང་ཧྥེང་མཚོ་སྔོན་རིག་རྩིས་ལྟེ་གནས་ཀྱི་ལས་གཞི་དངོས་སུ་མགོ་བཙུགས་པའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་གྱི་ལྗང་མདོག་གློག་རྩིས་མཐུན་སྦྱོར་འཕེལ་རྒྱས་ཐོན་ལས་གླིང་དུ་བསྡུས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ཏེ་ལས་གཞི་དངོས་སུ་མགོ་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་དང་ཅང་སུའུ་ཅུན་ཁྲོང་དངུལ་གཏོང་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཏུང་ཧྲི་ཀྲང་ཁྲེན་ཅ་རུང་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་དཔོན་གཞོན་པ་ལི་ཀུའོ་ཞུང་གིས་མགོ་འཛིན་བྱས།

ཝན་ཅེ་ཅིང་ཧྥེང་མཚོ་སྔོན་རིག་རྩིས་ལྟེ་གནས་ཀྱི་ལས་གཞི་དེ་ནི2025ལོའི་ཟླ9པར་རྒྱལ་ཁབ་ཀྱི་རྩིས་ཤུགས་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྐར་ཁུང་མཛུབ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་དང་།  དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་སྐར་ཁུང་མཛུབ་ཁྲིད་བརྒྱུད་པའི་རྩིས་ཤུགས་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཆེ་གྲས་ཀྱི་གཙོ་གནད་ལས་གཞི་ཐོག་མ་ཡིན་ལ།

ལས་གཞི་འདི་ཅང་སུའུ་ཅུན་ཁྲོང་དངུལ་གཏོང་ཚད་ཡོད་འགན་འཁྲི་ཀུང་ཟིས་མ་དངུལ་ཆ་ཚང་བཏང་ནས་འཛུགས་སྐྲུན་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར40བཏང་ནས་ཚད་ལྡན་འཕྲུལ་སྒྲོམ9338འཛུགས་སྐྲུན་བྱེད་པའི་འཆར་འགོད་བྱས་ཡོད། རྩིས་ཤུགས་ཀྱི་གཞི་ཁྱོན11000Pཡིན་པ་དང་ལོ་རེའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར2.43ཙམ་ཟིན་གྱི་ཡོད།

ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ས་ཁོངས་ཀྱི་རྩིས་ཤུགས་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་ལས་ཁ་གསབ་བྱེད་པ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་བརྟན་དུ་གཏོང་བ།  ས་གནས་དེ་གའི་ནུས་ཁུངས་གཙང་མ་ནུས་ལྡན་ངང་བེད་སྤྱོད་དང་ཟད་གྲོན་བྱེད་པ།  གློག་ལྗང་ཐོན་ཁུངས་དང་རྩིས་ཤུགས་ནུས་པའི་ཐོན་ལས་ཟུང་འབྲེལ་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་གློག་ལྗང་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་རྩོད་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་བ།  ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཐོན་ལས་ཀྱི་དཔེ་གཞི་བསྐྲུན་པ་བཅས་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ནུས་ཁུངས་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་ལེན་གྱི་དཔེ་སྟོན་འདོན་སྤྲོད་བྱ་རྒྱུ་རེད།  

ཁུལ་གྱི་མགོ་ཁྲིད་ཏའེ་མེན་ཅེ་དང་ཀྲང་ཅུན་ལུའུ།  ཏེང་ཧྲེང་ཕེང་།  དེ་མིན་ཞིང་ཆེན་གཞི་གྲངས་ཅུའུ་ཡི་འབྲེལ་ཡོད་མགོ་ཁྲིད་བཅས་ཚོགས་འདུར་ཞུགས།།

热门新闻

热门图库

热门排行