གནས་ཚུལ། 详情

སྐབས་དྲུག་པའི་དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་ཆུང་བྱིས་པ་བཟང་པོའི་ཁྱབ་བསྒྲགས་མཛད་སྒོ་མཚོ་ལྷོ་ཁུལ་དུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་རབས་རྗེས་མའི་ཐུགས་ཁུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་དྲུག་པའི་དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་ཆུང་བྱིས་པ་བཟང་པོའི་ཁྱབ་བསྒྲགས་མཛད་སྒོ་གུང་ཧོ་རྫོང་དུ་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་བྱིས་པ10བདམས་ཐོན་བྱུང་བ་རེད།

ཁྱབ་བསྒྲགས་མཛད་སྒོ་ནི《གླག་ཕྲུག་འཕུར་བ》ཞེས་པའི་ཞབས་བྲོ་ནས་དངོས་སུ་མགོ་བརྩམས་ཤིང་། དེའི་རྗེས་སུ་ཡུལ་སྣང་ཟློས་གར《རྨ་ཆུའི་ན་གཞོན། འོད་སྟོང་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་པ》དང་ཅིང་ཅུས་ཟློས་གར་སོགས་ཞབས་བྲོ་རེ་རེ་རིམ་པ་བཞིན་འཁྲབ་སྟོན་བྱས་ནས། ལོ་ཆུང་དག་གི་གསོན་ཤུགས་དང་སྙིང་སྟོབས་མངོན་པ་རེད། དེ་དང་ཆབས་ཅིག་ཡུལ་དངོས་ནས་མཛད་རྗེས་བརྙན་ཐུང་སྟོན་པ་དང་། དཔང་ཡིག་དང་བྱ་དགའ་སྤྲོད་པ། བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་ཆུང་བྱིས་པ་བཟང་པོ10ཡི་འཚར་ལོངས་ཀྱི་གཏམ་རྒྱུད་དང་སྔོན་ཐོན་བྱས་རྗེས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།

བྱ་དགའ་ཐོབ་པའི་ལོ་ཆུང་དག་གི་ཁྲོད་དུ། ཆུང་དུས་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་གཟི་འོད་ཁྲོད་འཚར་ལོངས་བྱུང་ཞིང་། གསར་བརྗེའི་གཞི་རྒྱུའི་གསོ་སྐྱོང་དང་སྣེ་ཁྲིད་འོག ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། ཕ་ཡུལ་ལ་དགའ་བའི་བརྩེ་བ་སེམས་ལ་དམ་པོར་བཅངས་པའི་ལོ་ཆུང་བཟང་པོ་ཏིང་ཁུ་ཡན་དང་། ལྷན་སྐྱེས་ཀྱི་རིག་སྟོབས་ཞན་ཡང་དུས་ནམ་ཡང་འབད་བརྩོན་ལྷོད་མེད་བྱས་ཏེ། ལུས་རྩལ་འགྲན་རར་ཡང་དང་བསྐྱར་དུ་གྲུབ་འབྲས་བཟང་པོ་བླངས་པའི་ལོ་ཆུང་བཟང་པོ་ཝང་དབྱིན་ཞི། དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་ལོ་ཆུང་བྱིས་པ་བཟང་བོའི་ཚད་གཞི་ལྟར་རང་ལ་རེ་བ་ནན་མོ་འདོན་པ་དང་སློབ་སྦྱོང་ལ་བརྩོན་སེམས་ཆེ་བ། བྱས་རྗེས་འབུལ་བ། རྒན་བཀུར་བྱམས་སྐྱོང་བྱེད་པའི་ལོ་ཆུང་བྱིས་པ་བཟང་པོ་སྟོབས་ཆེན་ཚེ་རིང་རྡོ་རྗེ་དང་། གཤིས་རྒྱུད་འཇམ་ལ་བརྩོན་སེམས་ཆེ་བ། ཀུན་སྤྱོད་ལེགས་པའི་ལོ་ཆུང་བྱིས་པ་བཟང་པོ་ལི་ཡུའེ་ཐུང་། དཀའ་ངལ་ལ་གདོང་གཏོད་ཕོད་པ་དང་། ཡ་རབས་སྤྱོད་བཟང་གི་བྱ་སྤྱོད་མངོན་ནས་རྨས་སྐྱོན་བྱིས་པར་ཚེ་སྲོག་གི་འོད་སྣང་སྦྱིན་མཁན་ཝེ་ཙི་ཧའོ་དབྱང་སོགས་སྔོན་ཐོན་མཛད་རྗེས་ཀྱི་དུས་རབས་གསར་པའི་ལོ་ཆུང་བྱིས་པ་བཟང་པོའི་ཀུན་སྤྱོད་ལེགས་པོ་དང་འགན་འཁྲིའི་འཁུར་སེམས་མངོན་པས། རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་པ་རེད།

བཅར་འདྲི། མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་མི་རིགས་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་རྡོ་རྗེ་སྒྲོལ་མས་བཤད་རྒྱུར། དུས་རབས་གསར་པའི་ལོ་ཆུང་བྱིས་པ་བཟང་པོའི་མཚན་སྙན་ཐོབ་པ་འདིས་ང་ལ་སེམས་འགུལ་ཐེབས་ཤིང་། ང་རང་ཡར་རྒྱས་ཡོང་བ་དགེ་རྒན་གྱི་མཛུབ་སྟོན་དང་སློབ་གྲོགས་ཚོའི་རོགས་རམ་དང་ཁ་འབྲལ་ཐབས་མེད་པས་ཁོ་ཚོར་བཀའ་དྲིན་ཆེ་ཞུས་པ་ཡིན། མཚན་སྙན་འདི་ནི་འདས་སོང་གི་བྱ་བར་གདེང་འཇོག་བྱས་པ་ཙམ་མ་ཡིན་པར་མ་འོངས་པར་སྐུལ་མ་གཏོང་བ་ཞིག་ཀྱང་ཡིན་པས། རྗེས་ཕྱོགས་ངས་བརྩོན་འགྲུས་ཆེན་པོས་སློབ་སྦྱོང་བྱས་ཏེ་སློབ་ཁྲིད་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་དང་བླངས་བྱ་འགུལ་ནང་དུ་ཞུགས་རྒྱུ་མ་ཟད་སློབ་ཕྱིའི་དུས་སུ་ཁྱིམ་ལས་ལས་ཏེ་རང་ནུས་ཐུབ་ཚོད་ཀྱིས་དྲོད་ཁོལ་བརྒྱུད་སྤྲོད་བྱས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་དུས་རབས་གསར་པའི་ལོ་ཆུང་བྱིས་པ་བཟང་པོ་ཞིག་བྱེད་པར་འབད་པ་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་དཔྱད་འདེམས་ཀྱིས་རྒྱ་ཁྱབ་ངང་སྐུལ་སློང་དང་རིམ་པ་བཞིན་འོས་སྦྱོར། ཞིབ་བཤེར་གདམས་གསེས། གཅིག་བསྡུས་དཔྱད་བསྡུར་སོགས་ཀྱི་གོ་རིམ་བརྒྱུད་ནས། མཇུག་མཐར་དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་ཆུང་བྱིས་པ10བདམས་ཐོན་བྱུང་བ་རེད།

热门新闻

热门图库

热门排行