གནས་ཚུལ། 详情

མཐོ་སྒང་གི་ཆེས་མཛེས་པའི་ཡུལ་སྐོར་གཞུང་ལམ།

2026-06-05 11:32:35 来源: 作者: བུ་མོ་མཆོག 编辑:བུ་མོ་མཆོག

ཟླ་ལྔ་བའི་མཐོ་སྒང་གི་ས་གཞིར་དྲོན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྔོ་ལྗང་གི་རྩྭ་ཐང་དུ་བསིལ་རླུང་འཇམ་པོ་དལ་གྱིས་ལྡང་ཞིང་།བདེ་ཞིང་ཁོད་སྙོམས་ལ་ལམ་ཐག་ལ་སྤྱི་ལེ121.3ཡོད་པའི་མཚོ་སྔོན་པོའི་ཨང་རྟགས་དང་པོའི་གཞུང་ལམ་སྟེང་དུ་འདུ་འཛི་ཆེ་བའི་ཡུལ་སྐོར་གྱི་དུས་བཟང་ལ་འཁེལ་ཡོད། མཚོ་སྔོན་པོའི་ལྷོ་རྒྱུད་དུ་ནམ་མཁའི་ལྷ་མོའི་དར་ཚོན་གྱི་སྐ་རགས་བཞིན་གཡས་སུ་བཀྲ་བའི་གཞུང་ལམ་འདི་ནི་ཤར་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ནས་མགོ་བརྩམས་ཤིང་། ནུབ་རྟ་ནག་མ་གྲོང་རྡལ་གྱི་བར་དུ་བརྐྱངས་ཡོད། དེ་ནི་རྩྭ་ཐང་དང་མཚེའུ། གངས་རི་བཅས་རང་བྱུང་གི་མཛེས་པ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་གྱི་ལམ་ཆེན་ཞིག་ཡིན་པར་མ་ཟད། མཐོང་ལམ་ཡོད་ཚད་ལྟ་བས་མི་ངོམ་པའི་ཡུལ་ལྗོངས་མ་ལུས་མངོན་པར་འཆར་ཞིང་ཧ་ཅང་ཉམས་དགའ་བའི་མཛེས་སྡུག་གི་རི་མོ་ཞིག་ངང་གིས་གྲུབ་ཡོད།

2904.png

རིག་སྨོན་གྲོང་རྡལ་གྱི་ལམ་གླ་བསྡུ་ལེན་ས་ཚིགས་ནས་གཞུང་ལམ་འདིར་ཞུགས་མ་ཐགགཞུང་ལམ་གྱི་ངོས་སྙོམས་ཤིང་ཁོད་ཡངས་ལ། འགྲིམ་འགྲུལ་གྱི་ལམ་རྟགས་གསལ་བོར་བཀོད་ཡོད་པ་མ་ཟད། ཆུ་ཚོད་རེར་སྤྱི་ལེ80ཡི་མྱུར་ཚད་ཚོད་འཛིན་བྱས་པ་དེས་ཡུལ་སྐོར་བ་རྣམས་ལ་ལྷོད་གཡེང་གི་སེམས་ཁམས་དང་མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཀྱང་བསྐྲུན་ཡོད།

རླངས་འཁོར་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མདུན་ཕྱོགས་སུ་དལ་གྱིས་བསྐྱོད་ཚེ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་དྭངས་གཙང་གི་མཛེས་ཉམས་ཡོད་མིག་ལམ་མངོན་ཡོང་ལ། གཡུ་ཡི་མདངས་ལ་འཁུ་བའི་མཚོ་སྔོན་པོ་དང་སྔོ་ཞིང་བསངས་པའི་ནམ་མཁའ་གཉིས་གཞི་གཅིག་ཏུ་འདྲེས་ཤིང་། གཞུང་ལམ་གྱི་གཡས་གཡོན་དུ་སྔོ་ལྗང་གི་སྤང་ཐང་མུ་མཐའ་བྲལ་ལ། རྒྱང་རིང་གི་མཚམས་སུ་མཐོ་ཞིང་བརྗིད་པའི་གངས་རི་དང་རླབས་ཀྱི་ཕྲེང་བ་མཁའ་རུ་རྩེན་པའི་མཚོ་མོ་གཉིས་ཕན་ཚུན་ཟླ་རུ་བབས་ནས་མཛེས་པའི་རྒྱན་དུ་ཆགས་ཡོད། ལམ་འགྲམ་གྱི་ལྗོངས་གཟིགས་ཀྱི་ས་ཚིགས་རེ་རེར། ཡུལ་སྐོར་བ་རྣམས་མིག་དབང་འཕྲོག་པའི་མཛེས་ལྗོངས་རོལ་ཞིང་དྲན་རྟེན་གྱི་འདྲ་པར་ལེན་བཞིན་ཡོད་པ་དེས་མི་དང་རང་བྱུང་ཁམས་ལ་འབྲལ་མི་ཕོད་པའི་བརྩེ་བ་ཞིག་གམ་འཆམ་མཐུན་མཉམ་གནས་ཀྱི་སྣང་བརྙན་བཟང་བོ་ཞིག་ཀྱང་མངོན་ཡོད།

གཞུང་ལམ་འདི་གསར་དུ་ཤར་གཏོང་བྱས་པ་དེས་སྔོན་ཆད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་རིམ་གྱིས་ཇེ་ཉུང་དུ་སོང་བ་མ་ཟད། ད་དུང་ལམ་རྒྱུད་དུ་རླངས་འཁོར་འཇོག་ས་དང་ལྗོངས་གཟིགས་ས་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་བ་རྣམས་ཀྱིས་མཛེས་ལྗོངས་ལ་རོལ་བར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད། དེ་མིན། ཡུལ་སྐོར་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་མི་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་པར་ཡང་ཕན་འབྲས་ཆེན་པོ་ཐོན་ཡོད། ལྷག་པར་དུ་རྣུར་ལྕེ་ལྟེ་བའི་ལམ་རྒྱུད་དུ་ལྕགས་རྟ་བགྲོད་སའི་ཆེད་ལམ་བཟོས་ཏེ་ལྕགས་རྟ་དང་རླངས་འཁོར་གཉིས་སོ་སོར་དབྱེ་སྟེ་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱས་ཡོད་ཅིང་། ལྕགས་རྟའི་འགྲུལ་བཞུད་ལ་སྤྲོ་བའི་མི་རྣམས་ལའང་དེ་བས་ཀྱང་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

 གཞུང་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་29.51བཏང་ནས་ལམ་ཐིག་ཧྲིལ་བོར་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལ་གནོད་པ་མེད་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་རྣམ་པ་ཡང་སྤྱད་ཡོད། འཛུགས་སྐྲུན་མ་བྱས་པའི་ཡར་སྔོན་དུ་ས་གནས་ཀྱི་རྩྭ་རྩི་ཤིང་དང་སྲོག་ཆགས་ཀྱི་འཚོ་སྡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ལམ་བཟོ་བས་སྐྱེ་དངོས་ཀྱི་འཚོ་གནས་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་བ་དང་། ལམ་འགྲམ་དུ་ས་གནས་རང་གི་རྩྭ་འབྲུ་མཉམ་བསྲེས་ཀྱིས་བཏབ་ཡོད་པས། དབྱར་དུས་སུ་སྔོ་ལྗང་གི་གོས་ལྭ་མནབས་ཤིང་། རང་ནུས་ཅི་ལྕོགས་ཀྱིས་མ་བཅོས་རང་བྱུང་གི་སྐྱེ་ཁམས་རྣམ་པ་སྲུང་འཛིན་བྱས་ཡོད།

མཚོ་སྔོན་པོའི5Aརིམ་པའི་ལྗོངས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། གཞུང་ལམ་འདི་འདྲ་ཞིག་གསར་དུ་བསྐྲུན་པ་དེས་མཚོ་སྐོར་ལྗོངས་གཟིགས་ས་ཚིགས6ཕན་ཚུན་གཅིག་ཏུ་སྦྲེལ་ཏེ། འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གྲོང་གསེབ་དར་སྤེལ་གཏོང་བར་ཡང་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག ལམ་བར་དུ་ཞབས་ཞུའི་བྱེད་ས་དང་གློག་གསོག་གི་མཐུན་རྐྱེན་བཟང་བོ་བསྐྲུན་ཞིང་རིག་ནུས་ལམ་སྟོན་མ་ལག་ཀྱང་སྒྲིག་སྦྱོར་བྱས་ཡོད། མཚོ་སྔོན་པོའི་རིག་གནས་མཚོན་རྟགས (IP) “ལན་ཏུའུ་ཏུའུ” སྤྱད་དེ་ལམ་གྱི་གནས་ཚུལ་དང་རླངས་འཁོར་འཇོག་ས་སོགས་ཀྱི་ཆ་འཕྲིན་རྒྱུས་ལོན་བྱ་ཐུབ་ལ། མཐོང་ཡངས་པའི་དོ་དམ་ཚོད་འཛིན་ལས་སྟེགས་དང་ཟུང་འབྲེལ་བྱས་ཚེ། མཐོ་སྒང་དུ་སྒེར་འཁོར་གཏོང་བའི་ཡུལ་སྐོར་པ་རྣམས་ལ་དེ་བས་ཀྱང་བག་ཕེབས་དང་བདེ་འཇགས་ཀྱི་འགན་ལེན་བཟང་བོ་བྱས་ཡོད།

ཉི་མ་ནུབ་རིར་ཡོལ་བའི་ས་སྲོད་ཀྱི་དུས་སུ། འོད་ཟེར་གྱི་ཉག་མ་རེ་རེ་མཚོ་ངོས་སུ་འཕྲོས་ཏེ་གསེར་མདོག་གི་རླབས་རིས་ཤིག་དལ་གྱིས་གཡོ་ཞིང་། གཞུང་ལམ་རིང་མོར་ཞི་འཇགས་དང་དྲོ་སྐྱིད་ཀྱིས་ཕྱུག་པའི་མཛེས་སྡུག་གི་རྣམ་པ་ཞིག་མངོན་ལ། མཚོ་སྔོན་པོའི་ཨང་རྟགས་དང་པོའི་གཞུང་ལམ་བསྐྲུན་པ་ནས་བཟུང་། སྔར་གྱི་འགྲིམ་འགྲུལ་བདེ་འཇགས་མ་ཡིན་པའི་འགལ་རྐྱེན་རྩ་བ་ནས་སེལ་ཞིང་།འཐུས་ཚང་གི་ཞབས་ཞུའི་མཐུན་རྐྱེན་དང་སྐྱེ་ཁམས་གཙོར་འཛིན་གྱི་འདུ་ཤེས། ཞིབ་ཚགས་སྤུས་ལེགས་ཀྱི་ཞབས་ཞུ་བཅས་ཀྱིས་ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས་མཐོང་ལམ་དུ་མངོན་པར་བྱས་ཤིང་།  མཚོ་སྔོན་པོའི་ཡུལ་སྐོར་ལམ་ཐིག་གི་ཆེས་རིན་ཐང་བྲལ་བའི་སྐྱེ་ཁམས་རིག་གནས་ཀྱི་མང་བྱང་གསར་པ་ཞིག་ཏུའང་གྱུར་ཡོད། 


热门新闻

热门图库

热门排行