ཁྲི་ཀའི་གོང་བ་སྡེ་བས་གཞི་རིམ་བཅོས་སྐྱོང་གི་ལམ་བུ་འཚོལ་ཞིབ་བྱས།
ད་ལོའི་ཚུན་ལ་ཁྲི་ཀ་རྫོང་རྨ་ཤར་གྲོང་བརྡལ་གོང་བ་སྡེ་བས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་དང་ཤང་སྲོལ་དཔལ་ཡོན་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། གྲོང་གསེབ་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྡེ་མིའི་སྐྱིད་སྣང་མཐོར་འདེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་ཆགས་ཡོད།
གོང་བ་སྡེ་བར་བསྐྱོད་པ་ན། སྡེ་བའི་ཕྱིའི་རྣམ་པ་གྲལ་དག་ཅིང་གང་སར་ཤེས་དཔལ་སྲོལ་གསར་གྱི་རྣམ་པས་ཁེངས་འདུག གོང་བ་སྡེ་བས་ཅན་བཅུའི་ཏང་འཛུགས་བྱ་བའི་དམིགས་འབེན་བརྟན་པོར་བཟོས་ཏེ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་བ་དང་། སྡེ་བ་རིམ་པའི་ཆེད་དོན་ལས་དོན་ཚོགས་ཆུང་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་ལ་སྒུལ་ཤུགས་བསྩལ། དུས་མཚུངས་སུ། གོང་བ་སྡེ་བས2024ལོར་གསར་དུ་སྤྱོད་མགོ་ཚུགས་པའི་རྨ་ཤར་བཅོས་སྐྱོང་གི་སྡེ་སྲོལ་དམངས་ཆིངས་སློབ་གསོའི་རྟེན་གཞིར་བརྟེན་ནས། ཤེས་དཔལ་འཛུགས་སྐྱོང་དང་ཁྱིམ་སྲོལ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་ས་ཚིགས་གཙོ་བོར་གྱུར་ཡོད། སྨི་གྲུ་བཞི་མ70ཟིན་པའི་སློབ་གསོའི་རྟེན་གཞི་དེས་གོང་བ་སྡེ་བའི་སྲོལ་རྒྱུན་དམངས་སྲོལ་རྒྱུན་འཛིན་ནས་དེང་རབས་ཤེས་དཔལ་བཅོས་སྐྱོང་བར་གྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཡོད་པར་མ་ཟད། སྡེ་བ་རིམ་པའི་བཅོས་སྐྱོང་ཚད་ལྡན་ཅན་དང་ཤེས་དཔལ་ཅན་གྱི་འཕེལ་རིམ་ཡང་མངོན་པར་བྱས་ཡོད།
དུས་མཚུངས་སུ། སྡེ་བའི་བསམ་པའི་རིག་གནས་ཚོགས་ཆུང་གིས་རྒྱུན་རྣམ་ཅན་གྱི་ཤང་སྲོལ་དཔལ་ཡོན་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་། མིག་སྔའི་བར། སློབ་གསོའི་རྟེན་གཞིས་སྒྲོག་འགྲེལ་བྱ་འགུལ་སྣ་ཚོགས་ཐེངས100ལྷག་སྤེལ་ནས་མི་ཐེངས3500ལྷག་ཞུགས་ཤིང་། དཔལ་ཡོན་དྲིལ་སྒྲོག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཤང་སྲོལ་དཔལ་ཡོན་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས།
ཁྲི་ཀ་རྫོང་རྨ་ཤར་ཤང་གོང་བ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལྷུན་འགྲུབ་རྒྱལ་གྱིས་བཤད་རྒྱུར། ང་ཚོ་གོང་བ་སྡེ་བས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་དུ་བཟུང་སྟེ། ཆེད་དོན་ལས་དོན་ཚོགས་པ9ཡི་ནུས་པ་འདོན་སྤེལ་བྱས་ཡོད་ལ། དེའི་ཁྲོད་ཀྱི་བསམ་པའི་རིག་གནས་ཚོགས་ཆུང་གིས་རྨ་ཤར་བཅོས་སྐྱོང་ཞེས་པའི་སྡེ་སྲོལ་དམངས་ཆིངས་ཀྱི་སློབ་གསོའི་རྟེན་གཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་སྐྱེ་ཁམས་སྲུང་སྐྱོང་། སྟབས་བདེ་ངང་འདས་མཆོད་སྒྲུབ་པ་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས་ཏེ། རིན་གོང་མཐོ་བའི་གཉེན་སྒྲིག་སློང་རྟེན་དང་རྒྱས་སྤྲས་རྒྱས་བཤམས་སོགས་ཀྱི་གོམས་སྲོལ་ངན་པ་གཏན་འགོག་བྱས་པ་ཡིན། ད་ལྟ། སྡེ་བའི་ནང་གི་ཁྱིམ་མཚེས་དབར་འགྲིག་མཐུན་དང་མི་རིགས་སོ་སོའི་དབར་མཐུན་སྒྲིལ་ཡོང་པར་མ་ཟད། ཁོར་ཡུག་གཙང་ལ་སྡེ་སྲོལ་ཡང་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།
གོང་བ་སྡེ་བས་ཤང་སྲོལ་དཔལ་ཡོན་འཛུགས་སྐྱོང་དང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཉིས་ཀྱི་སྩོལ་ནུས་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་ཏེ། སྣ་མང་ཅན་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་ཇེ་ལེགས་སུ་བཏང་། ཞིང་ལས་ཁྲོམ་རའི་གླ་གཏོང་དང་བྱེ་ཟགས་བཟོ་གྲྭའི་གཉེར་སྐྱོང་། ལུག་གྲོད་ཤ་མོའི་ཁྱད་ལྡན་འདེབས་འཛུགས་སོགས་སྣ་མང་ཐབས་ལམ་བརྒྱུད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི38.8སླེབས་ཡོད་ལ། ཡོང་འབབ་དེ་དག་ཡོད་ཚད་དམངས་ཚིས་ཐད་བཀོལ་སྤྱོད་བྱས་ཏེ་སྡེ་བ་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་གསར་བརྗེ་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྡེ་བའི་སྡེ་མི་ཡོངས་ལོངས་སྤྱོད་བྱེད་དུ་བཅུག
ད་ལྟའི་གོང་བ་སྡེ་བའི་དཔལ་ཡོན་ནི་གྱང་ངོས་ཀྱི་སྦྱར་ཡིག་དང་ཤོག་བུའི་སྟེང་གི་དོན་ཚན་ཙམ་མིན་པར། རྒྱུན་ལྡན་འཚོ་བར་འདྲེས་པའི་བརྩེ་སེམས་དྲོན་མོ་དང་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པའི་རང་རྟོགས་ཀྱི་རེ་སྙེག་ཅིག་ཡིན། ཏང་འཛུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་ལ་སྣེ་ཁྲིད་བྱེད་པ་དང་ཤང་སྲོལ་དཔལ་ཡོན་གྱིས་མི་སེམས་སྐྱིད་ལ་བསྐུར་བ། མི་རིགས་མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མང་པོ་འདུས་སྡོད་ཀྱི་མཛེས་པའི་གྲོང་གསེབ་འདིས་མུ་མཐུད་དུ་གཞི་རིམ་བཅོས་སྐྱོང་དང་འཆམ་མཐུན་དར་རྒྱས་ཡོང་བའི་རྣམ་པ་བཟང་པོ་ཞིག་བསྐྲུན་བཞིན་ཡོད།