ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཐུན་ཏེ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ།
རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་ཐུན་ཏེ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། མང་ཚོགས་གཞི་རིམ་བཅོས་སྐྱོང་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་གང་ལེགས་བྱེད་པ། ཅན་བཅུའི་ཏང་འཛུགས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་རྫོང་ཁོངས་ཀྱི་བྱ་བ་སོ་སོའི་སྤུས་མཐོའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཐུན་ཏེ་རྫོང་གི་དེང་རབས་ཕྱུགས་ལས་ཚན་རྩལ་ཐོན་ལས་འཕེལ་རྒྱས་དཔེ་སྟོན་གླིང་དུ། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་གླིང་ཁུལ་གྱི་བདག་གཉེར་དང་ནོར་གནག་གསོ་སྤེལ། རྒྱུད་བཟང་གསོ་སྤེལ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། རྒྱུད་བཟང་ནོར་གནག་གསོ་སྤེལ་དཔེ་སྟོན་གླིང་ཞིག་ཡིན་པའི་ཆ་ནས་རྒྱུད་བཟང་གསོ་སྤེལ་དང་ཞིང་ལས་ལག་རྩལ་གསོ་སྦྱོང་། གཟན་རྩྭ་འདེབས་འཛུགས་དང་གསོག་ཉར་སོགས་ཀྱི་ཐད་སྔར་ལས་ཤུགས་བསྣན་ཏེ། དེང་རབས་ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་གང་མགྱོགས་ཀྱིས་བཙུགས་ནས། ཐུན་ཏེའི་ནོར་གནག་གི་ཁྱད་ལྡན་སྤུས་རྟགས་ཁྱབ་གདལ་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྫོང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཕྱོགས་བསྡུས་ལྟེ་གནས་ཀྱི་ཞབས་ཞུའི་ཚོམས་ཆེན་དང་རྩོད་གཞི་འདུམ་འགྲིག་ཁང་དུ་སོང་སྟེ། ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་། སྡེ་བ་རིམ་པའི་རྩོད་གཞི་འདུམ་འགྲིག་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྲལ་བཤེར་དང་འདུམ་འགྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བཅོས་སྐྱོང་གི་ཕན་འབྲས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་རྣམས་གཞི་རིམ་ནས་ཐག་གཅོད་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུ་ལས་ཞུང་ཡོན་ལའེ་དང་དོན་གྲུབ་ཀྱིས་ཐུན་ཏེ་རྫོང་ཨུའི་བྱ་བའི་སྙན་ཞུར་ཉན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་སྒོས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་བྱེད་པར་དམ་འཛིན་བྱ་དགོས། ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་དགོས་པ་དང་། ཅན་བཅུའི་ཏང་འཛུགས་ཀྱི་ཆེད་དོན་ལས་དོན་ཚོགས་པ་སོ་སོའི་ལས་འགན་རྩིས་ཐོ་ལྟར། ཐོན་སྐྱེད་འཕེལ་རྒྱས་ཀུང་ཟིའི་བདག་གཉེར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འདུ་ཤེས་འཛིན་སྟངས་དྲིལ་སྒྲོག འགལ་ཟླ་རྩོད་གཞི་འདུམ་འགྲིག བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་གཅིག་གྱུར་སྒོས་སྐུལ་འདེད་བྱས་ཏེ། གཞི་རིམ་སྡེ་བ་དང་གྲོང་བརྡལ་གྱི་འཕེལ་རྒྱས་རྨང་གཞི་མུ་མཐུད་དུ་བརྟན་པོར་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་ཁ་ཕྱོགས་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ནས། ཏང་འཛུགས་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་དང་། དགོན་པའི་གྲྭ་བ་དང་བཙུན་མའི་དཀའ་ངལ་ཅན་གྱི་གནད་དོན་དུས་ལྟར་ཐག་བཅད་དེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་སོ་སོ་ལེགས་པོར་བསྒྲུབ་དགོས། སྐབས་བརྗེའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་དམ་འཛིན་བྱས་ཏེ། བྱེ་བྲག་གི་བྱ་བ་སོ་སོ་ཚད་ལྡན་གྱིས་སྐུལ་འདེད་བྱས་ནས། སྤྱོད་གཙང་དྲང་བཞག་གི་སྐབས་བརྗེའི་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ད་དུང་ཉེ་དུས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་བྱེད་པ་དང་། ས་ཆུ་སྲུང་འཛིན་དང་ཆུ་ཁུངས་གསོ་སྐྱོང་བྱས་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་བརྟན་པོར་གཏོང་དགོས། རྫོང་རུ་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། རྫོང་ཁོངས་སུ་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་གཏོད་དགོས། ནོར་གནག་དང་ནས་སོགས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། སྤུས་རྟགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་འབབ་འཕར་སྐུལ་ཁྲིད་བྱ་དགོས། ས་ཁོངས་གཙོ་བོའི་ཉེན་ཁའི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས། འཕྲལ་སྡོམ་ཇུས་གཞི་འཐུས་ཚང་དང་ལྟ་སྐུལ་སྔོན་བརྡར་ཤུགས་སྣོན་སྒོས། དངོས་རྫས་ཉར་འཇོག་དང་འཕྲལ་སྡོམ་ལས་རེས་བྱ་བ་ལེགས་པོར་སྒྲུབ་སྟེ། གནད་དོན་གཅིག་ཀྱང་མི་འབྱུང་བར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན།
ཏེང་ཧྲེང་ཕེང་རྟོག་ཞིབ་ལ་ཞུགས།།